དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕོ་རྩལ་སྣ་དགུ་དང་ཕོ་རྩེད་སྣ་དགུ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-02-19

    ཕོ་རྩལ་སྣ་དགུ།

    སྐྱེས་པ་ལ་འོས་པའི་ལུས་ངག་ཡིད་གསུམ་གྱི་རྩལ་སྣ་དགུ་ནི། མཐེབ་ཀྱིས་ཤ་ནོན་པ། རྐྱལ་གྱིས་ཆུ་ཆོད་པ། ཡང་རྩལ་བྱ་འདྲ་བ་སྟེ་ལུས་ཀྱི་རྩལ་གསུམ་དང་། ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། ཤགས་ཀྱིས་ཕ་རོལ་ནོན་པ་སྟེ་ངག་གི་རྩལ་གསུམ་དང་། མཛངས་ལ་བློ་འགྱུ་བ། དཔའ་ལ་བསྲན་ཚུགས་པ། ཁ་གསལ་ལ་གཏིང་མི་དཔོག་པ་སྟེ་ཡིད་ཀྱི་རྩལ་གསུམ་རྣམས་སོ།

    མཐེབ་ཀྱིས་ཤ་ནོན་པ་ཟེར་བ་ནི། ལུས་ཀྱི་ཤེད་རྩལ་ལ་བརྟེན་ནས་སྟོབས་ཆེན་ས་ལ་བསྒྱེལ་ནུས་པའམ་མདའ་ཡི་མཐེབ་རྩལ་སྐྱེན་པོ་ཡོད་པ།

    རྐྱལ་གྱིས་ཆུ་ཆེན་ཆོད་པ་ནི། ཕོ་རྩལ་སྣ་དགུའི་གྲས་ཆུ་རྐྱལ་གྱི་རྩལ་ཏེ། ཆུ་རྐྱལ་གྱི་སྒྱུ་རྩལ་རིགས་མི་འདྲ་བ་སྣ་ཚོགས་ལ་བརྟེན་ནས་དྲག་ཏུ་རྒྱུགས་པའི་ཆུ་ཆེན་བདེ་བླག་ཏུ་གཅོད་ནུས་པ།

    ཡང་རྩལ་བྱ་འདྲ་བ་ནི། ཐག་རིང་ལེ་དབར་མང་པོར་གོམ་འགྲོས་ལ་བརྟེན་ནས་རྒྱུགས་པ་དང་། རྩིག་པ་དང་ལྕགས་རི་སོགས་མཐོན་པོར་མཆོངས་པ། གཅོང་རོང་གཡང་གཟར་ཆེ་བར་ཐག་ཤུར་ལ་བརྟེན་ནས་བགྲོད་པ། རྟ་རྒྱུགས་ཞོར་དུ་མདའ་གྲི་མདུང་སོགས་འཕེན་པ་དང་གྲུ་གུ་རྩེ་བ་སོགས་ལུས་རྩལ་རིགས་སྣ་ཚོགས་བྱང་ཆུབ་པ།

    ལོ་རྒྱུས་ཀྱིས་དགེ་ཐོན་པ་ཟེར་བ་ནི། སྔོན་རབས་ཀྱི་ལོ་རྒྱུས་ངོ་མཚར་བ་རྣམས་བཤད་པ་ལ་བརྟེན་ནས་ཉན་པ་པོ་རྣམས་སྤྲོ་བ་སྐྱེ་བ་དང་སྐུལ་མ་ཐེབས་ཏེ་བློ་སྒོ་ཆེན་པོ་ཕྱེ་ཐུབ་པ།

    གཏམ་གྱིས་བཞད་གད་ཐོན་པའམ་ལྷོངས་བ་ནི། རབ་བཏགས་དང་དངོས་ཡོད་སྣ་ཚོགས་ལ་བརྟེན་ནས་ཉམས་མཚར་བ་དང་རྒོད་བྲོ་བའི་གཏམ་གླེང་བཤད་པ་ན་ཉན་པ་པོ་རྣམས་དབང་མེད་དུ་བཞད་གད་རྒྱུན་མི་ཆད་པར་འཆོར་བར་བྱེད་ནུས་པ་ཟློས་གར་གྱི་སྐབས་མེད་དུ་མི་རུང་བའི་ཡན་ལག་གྲས་ཤིག་ཡིན།༼དེང་སང་བཞད་གད་ཀྱི་ཉམས་ལྡན་པ།༽

    ཤགས་ཀྱིས་ཕ་རོལ་ནོན་པ་ནི། གཞན་ཕ་རོལ་པོ་དང་ཁ་ཤགས་རྩོད་གླེང་ཁྲིམས་རྩོད་བྱེད་པའམ་གླུ་ཤགས་འགྱེད་པ་སོགས་ལ་བརྟེན་ནས་གཞན་དག་སྨྲ་བ་མེད་པར་བྱེད་ཐུབ་པ།

    མཛངས་ལ་བློ་འགྱུ་བ་ཟེར་བ་ནི། རང་དང་གཞན་གྱི་བྱ་བ་བསྒྲུབ་པའི་ཐབས་ལ་མཁས་ཤིང་འཕྲལ་ཕུགས་ཀྱི་འགྱུར་ལྡོག་སྣ་ཚོགས་དུས་ཐོག་ཏུ་མཐོང་ཐུབ་པ།

    དཔའ་ལ་བསྲན་ཚུགས་པ་ནི། གཞན་གྱིས་བསྒྲུབ་མི་ནུས་པའི་བྱ་བ་རླབས་ཆེན་བསྒྲུབ་པར་བློ་སྟོབས་ཆེ་ཞིང་དཀའ་སྤྱད་སྡུག་བསྔལ་ཅི་ཡང་བཟོད་ཐུབ་པ།

    ཁ་གསལ་ལ་གཏིང་མི་དཔོག་པ་སྟེ། གཏམ་གླེང་སོགས་བྱེད་པའི་ཚེ་ཁ་གསལ་གཏིང་གསལ་ཡིན་པ་ལྟ་བུ་ལ་སེམས་ཀྱི་གཏིང་ལ་གང་དྲན་སུས་ཀྱང་གདེངས་ཚོད་ལོན་མི་ཐུབ་པའི་མཁས་པ།

    ཕོ་རྩེད་སྣ་དགུ་ནི། གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོངས་གསུམ། བང་རྐྱལ་སྦེ་གསུམ་རྣམས་སོ།།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།