ཟླ་1ཚེས་7ནས་11ཉིན་བར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་འབྲེལ་ཡོད་ལས་སྒོའི་རྐང་འཛིན་མི་སྣ་རྫ་ཡུལ་དང་སྤོ་བོ་སོགས་རྫོང་གི་མོན་པ་རིགས་དང་། ལྷོ་པ་རིགས། ཏེང་པ་བ་བཅས་ཀྱི་གྲོང་ཚོར་བསྐྱོད་དེ་མང་ཚོགས་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད་པ་རེད།
དྲིལ་བསྒྲགས་ཚོགས་ཆུང་གིས་ཡུལ་བབ་དང་བསྟུན་ནས《ཁ་ཕྲལ་ལ་ངོ་རྒོལ་གྱི་རྒྱལ་ཁབ་བཅའ་ཁྲིམས》དེ་དྲིལ་བསྒྲགས་ཀྱི་གཙོ་གནད་ནང་དོན་དུ་བརྩིས་ཡོད་པ་རེད། དྲིལ་བསྒྲགས་ཀྱི་ཕན་འབྲས་འགན་ལེན་བྱ་ཆེད་དྲིལ་བསྒྲགས་རུ་ཁག་གིས་པར་རིས་དང་བོད་ཡིག་གི་དཔྱད་གཞིའི་ཡིག་རིགས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་51འཁོར་ཚུན་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་མངོན་པར་བྱས་པ་དང་སྔ་རྗེས་སུ་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་འབྲེལ་ཡོད་ནང་དོན་དྲིལ་བསྒྲགས་བྱས་ཡོད་པ་རེད།
ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ནང་དངུལ་རྩའི་བཅའ་ཁྲིམས་དང་ཀུན་ཕན་དངུལ་རྩའི་ལས་དོན་ཟུང་འབྲེལ་གང་ལེགས་བྱས་ཡོད་པ་རེད། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་བཅའ་ཁྲིམས་ཁྲུའི་ལས་དོན་མི་སྣས《ཀྲུང་གོ་མི་དམངས་དངུལ་ཁང་གི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》 དངུལ་ལོར་རྫུས་མར་དོགས་ཟོན། དངུལ་ཁང་གཱ་དང་། ཞིང་ལས་འགན་བཅོལ། ཡིད་རྟོན་ཉེན་ཁ། དངུལ་བཅོལ་འགན་བཅོལ་སོགས་ཀྱི་ཤེས་བྱ་གོ་བདེ་ལ་ཤེས་སླ་བའི་ཐོག་ནས་གསལ་འགྲེལ་བྱས་པ་དང་། དངུལ་རྩའི་འཛད་སྤྱོད་རྩོད་གཞི་འདུམ་འགྲིག་གི་ཁྲིམས་ལུགས་ཁྱབ་གདལ་འཁྲབ་ཚན་ཐུང་གྲས་འཁྲབ་སྟོན་བྱས་པ་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་གསོན་ཉམས་ལྡན་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་གཏོང་ཐུབ་པ་བྱུང་བ་རེད། དེ་དང་ཆབས་ཅིག་དེ་ཁུལ་གྱི་མང་ཚོགས་རྣམས་ལ《དངུལ་རྩའི་ཤེས་བྱ་ཁྱབ་གདལ་ཀློག་དེབ》དང《དངུལ་རྩའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ཤེས་བྱའི་དྲི་བ་152》 《ངའི་དངུལ་རྩའི་སྐོར་གྱི་དེབ་དང་པོ》 《དངུལ་བཅོལ་འགན་ལེན་ལམ་ལུགས》སོགས་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཁག་300ལྷག་ཙམ་སྤྲད་པ་རེད།