དགེ་རྒན་ཞིག་ཡིན་པའི་ཆ་ནས། སློབ་མ་ཚོར་དཀའ་ངལ་འཕྲད་སྐབས་ཁོང་ཚོའི་ཨ་མ་དང་འདྲ་བར་གཅེས་སྐྱོང་བྱེད་ཀྱི་ཡོད་པ་དང་། ཞའོ་ཀྲང་ཞིག་ཡིན་པའི་ཆ་ནས། ལས་གྲོགས་ཚོར་དཀའ་ངལ་འཕྲད་སྐབས་ཁོང་ཚོའི་གཅེན་མོ་དང་འདྲ་བར་དཀའ་ངལ་ལས་སྒྲོལ་རོགས་བྱེད་ཀྱི་ཡོད་པ་རེད། ཁོང་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སློབ་ཆུང་གི་ཞའོ་ཀྲང་བདེ་གཡང་རེད།
2003ལོར“རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ན་གཞོན་བཅུའི”གྲས་སུ་བདམས་པ་དང་། 2005ལོར“རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་40འཁོར་བའི་རྟེན་འབྲེལ་ཆེ་མོའི་མངོན་གསལ་དོད་པའི་ལེགས་སྐྱེས་བྱ་དགའ”ཐོབ་པ། 2009ལོར“རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་མིང་འདོན་བྱ་དགའ”ཐོབ་པ། 2010ལོར“རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་བར”བདམས་པ་སོགས་ཁོང་རང་སློབ་ཆུང་སློབ་གསོའི་ལས་ཀར་ཞུགས་ནས་ལོ་29སོང་རིང་བྱ་དགའ་རིམ་པ་མང་པོ་ཐེངས་མང་ཐོབ་ཀྱང་ཁོང་གིས“ང་ནི་སློབ་གསོའི་ལས་དོན་པ་དཀྱུས་མ་ཞིག་ཡིན་པས། གལ་ཆེ་ཤོས་ནི་ཁྱིམ་བདག་དང་། སློབ་ཕྲུག ལས་གྲོགས་བཅས་ཀྱི་ཁས་ལེན་ཐོབ་རྒྱུ་དེ་ཡིན”ཞེས་བཤད་པ་རེད།
1986ལོར་འབྲིང་རིམ་ཆེད་ལས་སློབ་གྲྭ་ནས་ཐོན་རྗེས་དཔེ་ཁྲིད་མི་སྐྱོང་གི་ལམ་དུ་ཞུགས་པ་རེད། ཁོང་གིས་དེ་སྔོན་ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་དང་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པར་དགེ་རྒན་བྱེད་མྱོང་ཡོད་པ་དང་། ཁྲེང་ཀོན་ཆུས་དོག་སྡེ་སློབ་ཆུང་དང་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སློབ་ཆུང་གི་ཞའོ་ཀྲང་གི་འགན་ཡང་སྔ་རྗེས་སུ་འཁུར་བ་རེད།
དགེ་རྒན་བྱེད་རིང་བདེ་གཡང་གིས་བཟའ་ཚང་ཁ་བྲལ་བའི་བུ་ཕྲུག་ཡང་བསྐྱར་སློབ་གྲྭར་བསྐྱོད་དུ་བཅུག་པ་དང་། སློབ་མ་དབུལ་པོའི་སློབ་གྲྭ་འགྲིམ་པའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱས་པ། ནད་གཞི་ཕོག་པའི་དགེ་རྒན་དང་ཡང་ན་ཁོང་ཚོའི་ནང་མིར་རོགས་རམ་བྱས་པ་སོགས་ལས་གནས་ཐོག་ཧུར་ཐག་འབད་ཐག་དང་འཚོ་བའི་ཁྲོད་དགེ་རྒན་དང་སློབ་ཕྲུག་ཚང་མ་རང་གི་ནང་མི་ལྟ་བུར་བརྩི་གི་ཡོད་པ་རེད། ཁོང་གིས་སློབ་གསོར་བཅངས་པའི་བརྩེ་སེམས་དེ་སློབ་ཕྲུག་ཚོ་བྱམས་བརྩེས་སྐྱོང་བ་ཁོ་ན་ཙམ་མ་ཡིན་པར་ལས་གྲོགས་ཚོར་སྒེར་སེམས་མེད་པར་དོ་ཁུར་བྱེད་པའི་ཐོག་ནས་ཀྱང་མངོན་ཐུབ།
1989ལོར་བདེ་གཡང་གིས་སློབ་ཁྲིད་བྱེད་བཞིན་པའི་འཛིན་གྲྭ་ཞིག་གི་སློབ་མ་བུ་ཞིག་སློབ་གྲྭ་ནས་འཐེན་པ་རེད། སློབ་མ་བུ་དེའི་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ཞན་པ་སྟེ། ལོ་ན་རྒས་པའི་སྤོ་བོ་དང་རྨོ་བོ་གཉིས་དང་གཅུང་པོ་གཅུང་མོ་གསུམ་ཕ་མ་གཉིས་ཀྱིས་ཞིང་ལས་བྱེད་ཞོར་ལས་ཀ་ཙག་ཙིག་བྱས་པར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་ཤེས་རྟོགས་བྱུང་རྗེས་བདེ་གཡང་གིས་ཟླ་བ་རེར་བུ་དེར་སྒོར་100ཡི་འཚོ་བའི་གྲོན་དངུལ་སྤྲོད་རྒྱུ་མ་ཟད་ཉིན་རེའི་དགུང་ཟས་ཀྱང་སྤྲོད་རྒྱུའི་སེམས་ཐག་བཅད་པ་རེད།
བདེ་གཡང་གིས་ལོ་མང་པོ་འབད་བརྩོན་བྱས་པ་བརྒྱུད། 1994ལོར་བུ་དེས་ཕུལ་བྱུང་གི་སྦྱངས་འབྲས་ཐོག་ནས་ནང་སའི་སྐད་གྲགས་ཡོད་པའི་སློབ་ཆེན་ཞིག་ཏུ་རྒྱུགས་འཕྲོད་པ་རེད། ལྷ་ས་ནས་ཁ་གྱེས་ཏེ་ནང་སར་སྐྱོད་སྐབས་བདེ་གཡང་གིས་མེ་འཁོར་སྤ་སེ་དང་འཚོ་བའི་མཁོ་ཆས་སོགས་ཉོས་པ་དང་། དངོས་སུ་ཁ་གྱེས་སྐབས་བུ་དེས་མིག་ནས་མཆི་མ་ལྷུང་བཞིན་དུ་ཤོག་ལྷེ་ཞིག་གི་སྟེང་ཏུ“ཨ་མ། ང་ཁྱེད་རང་ལ་དགའ། ཁྱེད་རང་ཐུགས་བདེ་པོ་བྱོས། ངས་འབད་འབུངས་བྱས་ནས་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱེད་ངེས་ཡིན། རྗེས་སུ་ཁྱེད་ཀྱིས་ང་ལ་གནང་བའི་བརྩེ་བ་དེ་སྤྱད་དེ་སྤྱི་ཚོགས་ལ་ཕན་འདོགས་ངེས་ཡིན”ཞེས་བཤད་པ་རེད།