ལོ་གཅིག་དུས་གཅིག་གི་དགུན་གསེང་འཇོག་འགོ་ཚུགས་ཤིང་། རང་ལྗོངས་སུ་དགུན་གསེང་དེ་དབྱར་གསེང་ལས་རིང་བ་ཡོད་པས་སློབ་གྲོགས་ཚོས་དགུན་གསེང་ཇི་ལྟར་བྱས་ནས་སྐྱེལ་རྩིས་ཡོད་མེད་ཐད། གསར་འགོད་པས་ཉིན་ཤས་གོང་སློབ་གྲྭ་མི་འདྲ་བ་དང་ན་ཚོད་མི་འདྲ་བའི་སློབ་མར་བཅར་འདྲི་བྱས་ནས་ལོ་རབས་90དང་00ནང་སྐྱེས་པའི་སློབ་མའི་ངོ་མཚར་ཆེ་བའི་དགུན་གསེང་འཚོ་བ་མྱོང་ཚོར་བྱས་པ་ཡིན།
སློབ་ཆུང་སློབ་མས།
དགུན་གསེང་སྐྱིད་པོ་ཞིག་གཏོང་རྩིས་ཡོད་པ།
འདི་ལོའི་དགུན་གསེང་གི་འཚོ་བའི་སྐོར་གླེང་སྐབས། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ལོ་རིམ་བཞི་པའི་སློབ་མ་བདེ་སྐྱིད་སྒྲོལ་མས་དགའ་ཚོར་ཆེན་པོས་ད་རེས་ཀྱི་དགུན་གསེང་དེ་རང་ཉིད་ཀྱི་འཆར་གཞི་གཞིར་བཟུང་འགུལ་རིས་གློག་བརྙན་གསར་ཤོས་ཤིག་བལྟ་རྒྱུ་དང་། སྤྲོ་གསེང་རོལ་རྩེད་ཁང་དུ་ཉིན་གཅིག་རྩེད་མོ་བློ་ཡིད་ཚིམས་པ་ཞིག་རྩེ་རྒྱུ། ཕ་མ་གཉིས་དང་མཉམ་དུ་ཕྱིར་ཡུལ་སྐོར་དུ་བསྐྱོད་རྒྱུ་ལ་སོགས་ཡིན་ཞེས་ཟེར། སློབ་མཇུག་ཡིག་ཚད་བཏང་ཚར་མ་ཐག་བདེ་སྐྱིད་སྒྲོལ་མས་རང་ཉིད་ཀྱི་དགུན་གསེང་འཆར་འགོད་དེབ་ཁྱེར་ནས་ཨ་མ་ལགས་དང་གྲོས་བསྡུར་བྱས། བདེ་སྐྱིད་སྒྲོལ་མའི་ཨ་མས་བུ་མོའི་འཆར་འགོད་དེབ་ལ་བལྟས་རྗེས། བུ་མོར་རང་མགྱོགས་པོ་དམའ་རིམ་དུ་འགྲོ་མཁན་རེད། རང་དང་འདྲ་བ་ཚང་མ་ཟུར་ཁྲིད་འཛིན་གྲྭར་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག རང་ནི་རྩེད་མོ་རྩེ་རྒྱུ་ཁོ་ན་ལས་བསམ་རྒྱུ་མིན་འདུག་ཅེས་བཤད། འོན་ཏེ་བུ་མོས་རང་ཉིད་ཀྱི་འཆར་གཞིར་འཁྲུལ་བ་མེད་པའི་ངོས་འཛིན་བྱེད་ཀྱི་འདུག
“དགུན་གསེང་ནི་ང་ཚོའི་ངལ་གསོའི་དུས་ཚོད་ཡིན། ངས་བྲིས་པའི་འཆར་གཞི་ཚང་མ་རེ་བ་ཡུན་རིང་བྱས་པ་ཤ་སྟག་ཡིན་པས། ཁྱེད་ཀྱིས་ང་ལ་གཞོགས་འདེགས་གནང་རོགས”ཞེས་བདེ་སྐྱིད་སྒྲོལ་མས་བདེན་ཡོད་སྤོབས་ཆེའི་སྒོ་ནས་བཤད། བདེ་སྐྱིད་སྒྲོལ་མའི་ཨ་མས་འཆར་གཞི་དེ་གཞིར་བཟུང་བྱས་ན་བུ་མོའི་སློབ་སྦྱོང་འཐུས་ཤོར་དུ་འགྲོ་སྲིད་སྙམ་པའི་སེམས་ཁྲལ་བྱེད་རུང་མཐར་མོས་མཐུན་བྱས། ཁོང་གིས“བསམ་བློ་ཞིབ་ཕྲ་ཞིག་གཏོང་དུས་བུ་མོའི་འཆར་གཞི་དེར་རྒྱུ་མཚན་འདུག གང་ལགས་ཤེ་ན། དུས་རྒྱུན་ང་དང་བུ་མོའི་པ་ཕ་ལས་ཀ་བྲེལ་བ་ཆེ་བས། བུ་མོ་གློག་བརྙན་ལྟ་བར་མང་པོ་ཁྲིད་ཐུབ་ཀྱི་མི་འདུག ཁོམ་པ་ཡོད་དུས་བུ་མོར་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་སློབ་གསོ་བརྒྱབ་པ་དང་ཟུར་ཁྲིད་འཛིན་གྲྭར་སྐྱེལ་རྐྱང་བྱེད་ཀྱི་ཡོད་པས་དངོས་འབྲེལ་སྙིང་རྗེ་ཡི་འདུག”ཅེས་བཤད། ཨ་མ་ལཌ་ཀྱིས་མོས་མཐུན་གནང་བ་ཐོས་མ་ཐག་བདེ་སྐྱིད་སྒྲོལ་མ་དགའ་ཐག་ཆོད་ཅིང་། ཁོང་གིས“ཨ་མ་ལཌ་དང་ང་གཉིས་དབར་ལ་ཁ་ཆད་ཅིག་ཡོད་པ་སྟེ། རྩེད་མོ་རྩེ་དུས་བློ་ཡིད་ཚིམ་པ་ཞིག་རྩེད་ན་འགྲིག ཡིན་ནའང་དགུན་གསེང་གི་སྦྱོང་ཚན་དུས་ཐོག་ཏུ་བྲིས་པ་དང་ཨང་རྩིས་ཟུར་ཁྲིད་འཛིན་གྲྭར་བསྐྱོད་ནས་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ་བྱེད་དགོས་པ་དེ་ཡིན”ཞེས་བཤད།
དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་མས།
སློབ་སྦྱོང་ནི་ཁོང་ཚོའི་ལས་འགན་གཙོ་བོར་བརྩི་བ།
སློབ་ཆུང་སློབ་མ་དང་བསྡུར་ཚེ། དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སློབ་མར་སློབ་རིམ་འཕར་རྒྱུའི་གནོན་ཤུཌ་ཡོད་པ་དང་སྦྱོང་ཚན་གྱི་ཁུར་པོ་ལྕི་བའི་རྐྱེན་གྱིས་རོལ་རྩེད་ཀྱི་གོ་སྐབས་མང་པོ་ཞིག་བློས་མི་གཏོང་ཀ་མེད་ཡིན། ལྷོ་ཁ་ས་ཁུལ་མཐོ་རིམ་སློབ་འབྲིང་གི་གཉིས་པའི་ལོ་རིམ་གསུམ་པའི་སློབ་མ་ཚེ་གཡང་གི་ངོས་ནས་བརྗོད་ན་དགུན་གསེང་བཞག་པ་ནས་ལོ་གསར་མ་བཏང་གོང་ནི་སློབ་གྲྭར་བསྐྱོད་པ་དང་ཁྱད་མེད།
དགུན་གསེང་བཞག་པའི་གཟའ་འཁོར་དང་པོ་དེར་ཚེ་གཡང་གིས་སྔ་དྲོ་ཁྱིམ་དུ་སྦྱོང་ཚན་བྲིས་པ་དང་ཕྱི་དྲོ་ཟུར་ཁྲིད་སྒྲིག་གཞིས་གཉེར་བའི་རང་བྱུང་ཚན་རིག་གི་ཚན་ཁག་གསབ་ཁྲིད་འཛིན་གྲྭར་འགྲོ་གི་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཁོང་གིས་ཟུར་ཁྲིད་སྒྲིག་གཞི་ཞིག་ཏུ་ཉིན་10བསྟུད་མར་རྩིས་དངོས་རྫས་གསུམ་སློབ་སྦྱོང་བྱེད་པར་བསྐྱོད་འདུག “སློབ་ཚན་མི་འདྲ་བ་ལྔ་ཉན་དུ་སྐྱོད་དགོས་བསམས་ཀྱང་ཁོམ་པ་གཏན་ནས་མིན་འདུག གང་ལགས་ཤེ་ན། སློབ་ཚན་མི་འདྲ་བ་གསུམ་སྦྱོང་རྒྱུ་ཁོ་ནས་དུས་ཚོད་ཚང་མ་བཟུང་སོང་། རྒྱ་ཡིག་དང་དབྱིན་ཡིག་སོགས་ལ་ཟུར་ཁྲིད་བྱེད་དགོས་མེད། རང་ཉིད་ཀྱིས་ཁྱིམ་དུ་སློབ་སྦྱོང་བྱས་ན་འགྲིག་གི་འདུག ཡིན་ནའང་། རྩིས་དངོས་རྫས་གསུམ་ཐད་རྩལ་ནུས་མང་པོ་ཞིག་སྦྱོང་དགོས་པས་དུས་ཐུང་ནང་སྦྱངས་འབྲས་ལེགས་སུ་གཏོང་སླ་ཙམ་འདུག འདི་ལོའི་མཐོ་རྒྱུགས་ནང་གཡུར་ཟའི་གྲུབ་འབྲས་ཐོབ་ཆེད་དཀའ་ལས་ཇི་ཙམ་རྒྱག་དགོས་རུང་། ངས་རང་ཉིད་ལ་སྔར་བཞིན་སྐུལ་ལྕག་གཏོང་གི་ཡིན”ཞེས་ཤོད་ཀྱི་འདུག
སློབ་ཆེན་སློབ་མས།
བྱེད་ཐབས་སྣ་ཚོགས་སྤྱད་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་རྩིས་ཡོད་པ།
ཀུང་སི་ཆེ་མོར་དངོས་སྦྱོང་བྱས་ནས་སྡོད་པ་དེ་དངོས་གཞིའི་ལས་ཀ་ཞིག་མིན་རུང་སློབ་ཆེན་སློབ་མའི་ངོས་ནས་བརྗོད་ན་གོ་སྐབས་ཤིག་ཡིན། དེ་ནས་ཉམས་མྱོང་མང་པོ་བསགས་ཐུབ་ལ་ལས་རྗེས་ཀྱང་བཏོད་ཐུབ་པས་རྗེས་སུ་ལས་ཀ་འཚོལ་སྐབས་དེ་ནི་མ་རྩ་ལྟ་བུ་ཡིན། སློབ་ཆེན་སློབ་མ་དོན་གྲུབ་ཀྱིས“ང་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ཡིན། སློབ་སྦྱོང་ལ་བྲེལ་བ་དེ་ཙམ་མི་འདུག དེར་བརྟེན་དགུན་གསེང་རིང་ཕྱིར་ལས་ཀ་བྱེད་པར་བསྐྱོད་ན། དངུལ་བསགས་ཐུབ་པ་མ་ཟད། ད་དུང་མཐོང་རྒྱ་ཡང་ཆེ་རུ་ཕྱིན་ནས་སླད་ཕྱིན་སློབ་གྲྭ་ཐོན་རྗེས་སྤྱི་ཚོགས་ཐོག་སྐྱོད་སྐབས་རྨང་གཞི་ཞིག་ཀྱང་འདིང་ཐུབ”ཅེས་བཤད།
སློབ་ཆེན་སློབ་མའི་ལས་ཞུགས་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་བར་བརྟེན་སློབ་ཆེན་སློབ་མ་དེ་བས་མང་བ་ཞིག་གིས་ལག་ཁྱེར་མང་པོ་རག་ཐབས་བྱས་ནས་རང་ཉིད་ཀྱི་ལས་འཚོལ་གྱི་རྨང་གཞི་བྱེད་ཀྱི་ཡོད། དགུན་གསེང་བཞག་མ་ཐག་བོད་ལྗོངས་སློབ་ཆེན་ནོར་སྲིད་དཔལ་འབྱོར་སློབ་གླིང་གི་2013ལོའི་སློབ་མ་པ་སངས་ཀྱིས་ཁ་ལོ་བའི་གསོ་སྦྱོང་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཅིང་། ཁོང་གིས“ཁ་ལོ་བའི་ལག་ཁྱེར་ཡོད་ཚེ། གཞི་ནས་རླངས་འཁོར་གཏོང་ཆོག དགུན་གསེང་གི་དུས་ཚོད་རིང་པོ་དེ་འདྲ་འཕྲོ་བརླག་ཏུ་གཏོང་རྒྱུ་མེད། ལག་ཁྱེར་ཇི་ཙམ་མང་ན། དེ་ལེགས་ཆར་གྱུར་བའི་དུས་བབ་ལ་གཞིགས་ནས་ངའི་བསམ་པར་རང་ཉིད་ཀྱིས་ཁོམ་པ་རྣམས་སྤྱད་དེ་རྩལ་ནུས་མང་ཙམ་སྦྱངས་ན། སློབ་ཆེན་ལོ་རིམ་བཞི་པར་སླེབས་སྐབས་འགྱོད་པ་སྐྱེ་མི་སྲིད”ཅེས་བཤད།