དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གུང་གསེང་གི་འཆར་གཞི་ཡག་པོ་འདིང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཚེ་སྒྲོན་དང་ཝང་ལིས།   |     སྤེལ་དུས།  2016-01-22

    དགུན་གསེང་དང་དབྱར་གསེང་ནི་སློབ་མ་དལ་ཤོས་ཀྱི་དུས་ཤིག་ཡིན་པས་གུང་གསེང་གི་འཚོ་བ་བཀོད་སྒྲིག་ཡག་པོ་བྱུང་ཚེ། སློབ་འགོ་ཚུགས་རྗེས་གང་མགྱོགས་སློབ་སྦྱོང་ནང་ཞུགས་ཐུབ། དེ་ལྟར་མ་བྱུང་ཚེ་སློབ་དུས་གསར་པར་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་དཔེར་ན། སློབ་དུས་གོང་མར་སྦྱངས་པའི་རིག་ཚན་ཁག་གི་ཤེས་བྱ་རྦད་དེ་བརྗེད་ངད་དུ་སོང་བ་སོགས་སོ།

    དང་ཐོག་སློབ་སྦྱོང་གི་འཆར་གཞི་ཞིབ་ཚགས་་འདིང་དགོས། དགུན་གསེང་གི་སྦྱོང་ཚན་ཕུད། ད་དུང་གུང་གསེང་གི་དུས་ཚོད་རིང་ཐུང་ལ་གཞིགས་ནས། སྦྱོང་ཚན་བཀོད་སྒྲིག་བྱེད་དགོས་ལ་ཆ་ལག་ཚང་བ་དང་གོ་རིམ་ལྡན་པ་ཞིག་བྱས་ཏེ་ཤེས་བྱ་དང་། འཇོན་ཐང་། རྨང་གཞི། གསར་གཏོད་བཅས་ཟུང་འབྲེལ་ཐུབ་པའང་བྱེད་དགོས། གཞན་ཡང་ཉིན་ལྟར་དུས་མཚམས་བཟོས་ཏེ་ཞིབ་བཤེར་བྱས་ནས་གཟའ་འཁོར་དེའི་སློབ་སྦྱོང་གནས་ཚུལ་ཞིབ་བཤེར་ཕྱོགས་སྡོམ་བྱེད་དགོས།

    དེ་རྗེས་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོའི་ནང་མང་ཙམ་ཞུགས་དགོས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། དམངས་ཁྲོད་སྒྱུ་རྩལ་དང་སྐྱོན་བྲལ་ཕན་ཡོད་ཀྱི་སྲོལ་རྒྱུན་རིག་གནས་དམངས་སྲོལ་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་ཞུགས་ནས་དུས་ཆེན་གྱི་སྤྲོ་སྣང་འཕེལ་བ་བྱེད་པ་དང་། ས་གནས་དེ་གའི་ལོ་རྒྱུས་མཛེས་ལྗོངས་གྲགས་ཅན་ལ་ལྟ་སྐོར་བྱས་ཏེ་ཕ་ཡུལ་གྱི་ལོ་རྒྱུས་དང་ལོ་རྒྱུས་མི་སྣ་ཤེས་རྟོགས་ཐུབ་པ་བྱེད་དགོས།

    མཇུག་ཏུ་གཟུགས་པོར་སྦྱོང་བརྡར་དང་ཚན་རིག་དང་མཐུན་པའི་སྒོ་ནས་ངལ་གསོ་ཡག་པོ་བརྒྱབ་ནས་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་དགོས། ཚན་རིག་དང་ལུགས་དང་མཐུན་པའི་གུང་གསེང་འཚོ་བའི་གོམས་གཤིས་ཡག་པོ་ཞིག་འཇགས་པ་བྱེད་པ་ལས་གུང་གསེང་བཞག་མ་ཐག་ལུག་ལྷས་ར་ནས་གློད་པ་ལྟར་འཚོ་བར་ཆོས་ཉིད་མེད་པ་གཏན་ནས་བྱེད་མི་རུང་། གལ་ཏེ་རྣམ་གཡེང་སྒྱིད་ལུག་ངང་འཚོ་བ་བསྐྱལ་ཚེ་དུས་ཡུན་རིང་པོ་སོང་རྗེས་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཐོན་སྲིད།

    མདོར་ན། སློབ་མས་དགུན་གསེང་རིང་རང་ཉིད་ཀྱི་འཚོ་བ་དང་། སློབ་སྦྱོང་། སྤྲོ་གསེང་བཅས་ཇི་ལྟར་བྱེད་དགོས་མིན་ཐད་བཀོད་སྒྲིག་གང་ལེགས་བྱེད་པ་དང་སྦྲགས། ཚན་རིག་དང་ལུགས་དང་མཐུན་པའི་སྒོ་ནས་དུས་ཚོད་བཀོད་སྒྲིག་བྱས་ཚེ། གཞི་ནས་སྐྱོན་བྲལ་དང་། སྤྲོ་སྣང་ལྡན་པ། ཕུན་སུམ་ཚོགས་པ། དོན་སྙིང་ལྡན་པ་བཅས་ཀྱི་དགུན་གསེང་གི་འཚོ་བ་ཞིག་སྐྱེལ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།