ཉེ་ཆར་གསར་འགོད་པར་བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྲུ་གུ་རྣམས་ལ་སྤྲོ་སྣང་དོད་པ་དང་ཕུན་སུམ་ཚོགས་པའི་དགུན་གསེང་ཞིག་སྐྱེལ་རྒྱུ་ཡོང་ཆེད། བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་ལོ་ཆུང་བྱིས་པའི་ཞབས་བྲོའི་འཛིན་གྲྭ་དང་། བོད་ཡིག་ཡིག་གཟུགས་འཛིན་གྲྭ རི་མོའི་འཛིན་གྲྭ་བཅས་བཙུགས་ཏེ་བྱིས་པའི་སྒྱུ་རྩལ་ཉམས་འགྱུར་གསོ་སྐྱོང་གིས་སྤྱོད་ལམ་དང་ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་ཐུབ་རེ་བྱེད་ཀྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་དགུན་གསེང་གི་གསོ་སྦྱོང་འཛིན་གྲྭ་3པོ་དེ་དག་གི་དུས་ཡུན་ཟླ་1ཙམ་ཡིན་པ་དང་། ལོ་ཆུང་བྱིས་པའི་ཞབས་བྲོའི་འཛིན་གྲྭའི་སློབ་བསྡུའི་སློབ་མའི་ལོ་ཚད་ནི་ལོ་6ནས་10བར་གྱི་ཕྲུ་གུ་བུ་མོ་ཡིན་པ་དང་། གསོ་སྦྱོང་ནང་དོན་ཐད་ཞབས་བྲོའི་རྨང་གཞིའི་ཤེས་བྱ་དང་། མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོ་ཡོད་ཅིང་། གཟའ་འཁོར་རེའི་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས། ཉི་མ་བཅས་ལ་སློབ་ཚན་ཁྲིད་ཀྱི་ཡོད་པ་དང་སློབ་ཚན་ཁྲིད་པའི་དུས་ཚོད་ནི་ཆུ་ཚོད་9:30ནས་11:30བར་དང་། 11:30ནས་13:30བར་ཡིན་པ་རེད། རི་མོའི་གསོ་སྦྱོང་འཛིན་གྲྭར་སློབ་ཕྲུག་10ནས་ལོ་15བར་བསྡུ་རྩིས་ཡོད་པ་དང་། སློབ་བསྡུའི་ལོ་ཚད་ལོ12ལས་ཆུང་བ་དང་6ལས་ཆེ་བ་ཡིན་པ་དང་། སློབ་ཚན་གྱི་ནང་དོན་ནི་རི་མོའི་རྨང་གཞིའི་ཤེས་བྱ་ཡིན་ཞིང་། སློབ་ཚན་ཁྲིད་པའི་དུས་ཚོད་ནི་གཟའ་འཁོར་རེའི་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་ཡིན་པ་དང་སློབ་ཚན་ཁྲིད་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་10:00ནས་12:00བར་ཡིན། རི་མོ་དང་ཞབས་བྲོའི་འཛིན་གྲྭ་དང་བསྡུར་ཚེ། བོད་ཡིག་ཡིག་གཟུགས་འཛིན་གྲྭར་སློབ་མ་དེ་ཙམ་མང་པོ་བསྡུ་གི་མེད་པ་དང་གཟའ་འཁོར་རེའི་རེས་གཟའ་མིག་དམར་དང་ཕུར་བུར་སློབ་ཚན་ཁྲིད་ཀྱི་ཡོད་པ་དང་སློབ་ཚན་ཁྲིད་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་10:00ནས་12:00བར་ཡིན་པ་རེད།
བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞིའི་འབྲེལ་ཡོད་འགན་འཁུར་བས“ནང་སའི་ལོ་ཆུང་བྱིས་པའི་ཟུར་ཁྲིད་འཛིན་གྲྭ་དང་བསྡུར་ཚེ། ད་ཐེངས་ཀྱི་གསོ་སྦྱོང་ནང་རིན་པ་གང་ཡང་སྤྲོད་དགོས་ཀྱི་མེད་པས་མིང་ཐོ་འགོད་པར་ཡོང་མཁན་ཁྱིམ་བདག་དང་ཕྲུ་གུ་ཚོས་འབྲེལ་ཡོད་སྒྲིག་ལམ་ལ་སྲུང་བརྩི་ཞུས་ཏེ་གོ་སྐབས་ལ་གཅེས་སྤྲས་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།