འཁྲབ་སྟོན་ས་གནས། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་དངོས་མིན་རིག་གནས་སྲུང་སྐྱོང་ལྟེ་གནས)འཁྲབ་སྟོན་ཁང་།
གྲོང་མི་ཚོས་རིན་མེད་ངང་ནས་འཁྲབ་སྟོན་ལ་གསན་གཟིགས་གནང་ཆོག
སོ་ནམ་ལོ་གསར་གྱི་དགའ་སྤྲོའི་རྣམ་པ་དང་འགྲོགས་ནས་“2016ལོའི་དཔྱིད་གསར་ལོ་གསར་དང་བོད་མེ་སྤྲེལ་ལོའི་ལོ་གསར་གྱི་དངོས་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན”དེ་བཞིན་“སྤྲེལ་ལོར་སྤྲེལ་སྐོར་བཤད་པ——2016ལོའི་དམངས་སྲོལ་རིག་གནས་འགྲེམས་སྟོན”ཞེས་པ་དེ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ཚོགས་རྒྱུ། ལོ་གསར་མེ་ཏོག་དང་ཕྱེ་མར་འབོ། སྒང་ཞུ་དམར་པོ་སོགས་མཐུན་སྒྲིལ་དང་ཞི་མཐུན་གྱི་རྣམ་པས་ཁེངས་པའི་ལོ་གསར་གྱི་མཁོ་ཆས་རྣམས་མ་གྲོས་གཅིག་མཐུན་གྱིས་ཁྲོམ་གཞུང་དུ་ཐོན་ཞིང་། ལོ་གསར་སླེབས་ལ་ཉེ་བའི་རྣམ་པ་དེ་བས་འཁྲུག་ཆ་དོད།
འཁྲབ་སྟོན་གྱི་ལོ་ཚན་གཙོ་བོ་ནི་དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་ངུ་ཡིན་ཞིང་། འཁྲབ་སྟོན་པ་གཙོ་བོ་རྣམས་ནི་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་ནས་ཡིན་པའི་ཐོག ད་དུང་གཞི་རིམ་གྱི་རིག་གནས་ཟློས་གར་འཁྲབ་སྟོན་པའང་ཡོད། ལེ་ཚན་དག་མིག་སྔར་ནང་སྦྱོང་བྱེད་བཞིན་པའི་སྒང་ཡིན་འདུག
བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་གསར་འགོད་པར་བརྗོད་དོན། ད་ཐེངས་ཀྱི་“ལོ་གསར་གྱི་དགོད་བྲོའི་འཁྲབ་སྟོན་པ་མཉམ་དུ་འཛོམས”ཞེས་པ་དེ་ནི་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་རྒྱུན་ལུགས་རང་བཞིན་དང་མཚོན་རྟགས་ཅན་གྱི་འཁྲབ་སྟོན་ཞིག་ཀྱང་ཡིན། མིག་སྔའི་བར་དུ་འཁྲབ་སྟོན་ཐེངས་གཉིས་ལེགས་གྲུབ་ངང་ནས་འཛུགས་གཉེར་བྱས་ཡོད།
འཁྲབ་མིའི་ཐད། རྒྱུས་ལོན་བྱས་པར་གཞིགས་ན། ན་ནིང་གི“ལོ་གསར་གྱི་དགོད་བྲོའི་འཁྲབ་སྟོན་པ་མཉམ་དུ་འཛོམས”ཞེས་པའི་འཁྲབ་སྟོན་ནང་དུ་ཀུན་གྱིས་རྒྱུས་མངའ་དང་དགའ་བསུ་ཆེན་པོ་ཐོབ་མཁན་གྱི་དགོད་བྲོའི་འཁྲབ་སྟོན་པ་བཀྲ་ཤིས་དོན་གྲུབ་དང་རིན་དབང་། ཉི་མ་སོགས་ཀྱིས་གཟིགས་མོ་བར་བག་ཆགས་ཟབ་མོ་བཞག་ཡོད་ལ། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་དང་། གོང་དཀར་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ། གཞིས་རྩེ་གྲོང་ཁྱེར་གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ། ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་འཁྲབ་སྟོན་པ་སོགས་ཡོད་པས་ལྷ་སའི་གྲོང་མིས་དམངས་ཁྲོད་སྒྱུ་རྩལ་ལའང་རེ་སྒུག་དང་དགའ་བསུ་ཆེན་པོ་གནང་གི་ཡོད།
འཁྲབ་སྟོན་གྱི་ནང་དོན་ཐད། མི་དམངས་རྣམས་ཀྱི་བདེ་སྡོད་ལས་བརྩོན་གྱི《བདེ་སྡོད་རྣམ་གྲངས》ཡོད་ལ། དེང་རབས་གྲོང་ཁྱེར་གྱི་འཚོ་བ་མཚོན་པའི་བརྩམས་བྱ《ལས་ཀ་འཚོལ་བ》《དེབ་ཁང》《བུ་རྩིའི་ལས་དབང》སོགས་ཀྱང་ཡོད། ད་དུང་ཁྱིམ་མི་བར་གྱི་བརྩེ་དུང་མཚོན་པའི་《ནང་ལ་ལོག་པ》ཞེས་པའི་ལེ་ཚན་སོགས་ཀྱིས་མི་རྣམས་ལ་བརྗེད་པར་དཀའ་བའི་འཁྲབ་ཚན་འཁྲབ་སྟོན་བྱ་རྒྱུ་ཡིན་འདུག
“དེ་སྔོན་གྱི་འཁྲབ་སྟོན་གྲུབ་འབྲས་ལ་བལྟས་ཚེ་གྲོང་མི་ཚོས་བལྟ་དོད་ཅིང་དགོད་བྲོ་བའི་གཏམ་གླེང་དང་འཁྲབ་ཚན་ཐུང་ངུར་མཉེས་པོ་གནང་བས་སྒོ་འཛིན་གྱི་སྤ་སེའང་མི་འདང་ཤིག་ཤིག་རེད་འདུག ན་ནིང་གི་“ལོ་གསར་གྱི་དགོད་བྲོའི་འཁྲབ་སྟོན་པ་མཉམ་དུ་འཛོམས”ཞེས་པའི་འཁྲབ་སྟོན་དེ་སྤྱི་ཟླ་12ཚེས་20ཉིན་ནས་སྒོ་ཚུགས་ཏེ་མུ་མཐུད་ངང་ཉིན་གསུམ་འཁྲབ་སྟོན་བྱས་ཤིང་ཉིན་ལྟར་དགོང་མོ་ཆུ་ཚོད་7ཐོག་འཁྲབ་འགོ་ཚུགས་ཡོད། ཉིམ་གསུམ་གྱི་འཁྲབ་སྟོན་རིང་འཁྲབ་སྟོན་ཁང་མི་ཚོགས་ཀྱིས་ཁེངས་ཡོད། ད་ལོ་ང་ཚོས་འཁྲབ་སྟོན་ཐེངས་གཅིག་ལས་བཀོད་སྒྲིག་བྱས་མེད་ཀྱང་སྒོ་འཛིན་གྱི་སྤ་སེར་རིན་སྤྲོད་དགོས་མེད”ཅེས་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་བརྗོད་བྱུང་།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འཁྲབ་སྟོན་ནི་རང་ལྗོངས་ཀྱི་མང་ཚོགས་རིག་གནས་ལས་དོན་པས་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བཏང་བ་ཞིག་དང་སྤྱི་ལོ་2016ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལོར་བསུ་བ་ཞུ་ཆེད་རིག་གནས་ཀྱི་རྣམ་པ་འཁྲུག་པ་ཞིག་གཏོད་ཆེད་ཡིན། ( བསོད་དབང་གིས་སྒྱུར )