“ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་སློབ་གསོ་སྔོན་དུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཏེ་སློབ་གསོའི་འཐབ་ཇུས་དང་དར་རྒྱས་འདུ་འགོད་ལག་བསྟར་ཤུགས་ཆེན་གྱིས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཁོར་ཡུག་ཁྱོན་ཡོངས་ལེགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་བཅོས་སུ་ནུས་ལྡན་བཏང་བ། སློབ་གྲྭ་འབྲིང་ཆུང་གི་སློབ་ཞུགས་བྱེད་ཚད་དང་སློབ་རིམ་འཕར་ཚད་ཆེས་ཆེར་འཕར་བ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་ཕྱིན་པ། རི་བོ་ཆེ་དང་ལྷོ་རོང་རྫོང་ལ་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་རྒྱལ་ཁབ་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་བ་བཅས་ཆབ་མདོའི་སློབ་གསོའི་བྱ་གཞག་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།
སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་བཏང་བ།
“ཏང་གིས་སློབ་གསོར་མཐོང་ཆེན་སྔོན་ལ་བྱེད། སྲིད་ཀྱིས་སློབ་གསོ་དར་རྒྱས་རྩ་བར་འཛིན” ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་ངང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད། 2011ལོ་ཚུན་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་21.7བཏང་ནས་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་216གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་། སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་མར་ཆ་སྙོམས་ཁང་པ་རྒྱ་ཁྱོན་སྨི་ངོས་གྲུ་9.53དང་སྨི་ངོས་གྲུ་12.52སོ་སོར་ཟིན་ནས་གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད། ཆ་འཕྲིན་ཅན་གྱི་སློབ་གསོའི་མཁྲེགས་ཆས་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་4500བཏང་ནས“ནུབ་རྒྱུད་སློབ་ཆུང་གི་དེང་རབས་རྒྱང་ཁྲིད་སློབ་གསོའི་རྣམ་གྲངས”དང“རྒྱལ་ཁབ་ཀྱི་གྲོང་གསེབ་སློབ་གྲྭ་འབྲིང་ཆུང་གི་དེང་རབས་རྒྱང་ཁྲིད་སློབ་གསོའི་འདུ་འགོད”སོགས་རྣམ་གྲངས་གལ་ཆེན་ལག་བསྟར་ཤུགས་ཆེན་གྱིས་སློབ་གསོ་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་་ནུས་ལྡན་བཏང་ཡོད།
ས་གནས་ཀྱི་ནོར་ཤུགས་ཐད་ཧ་ཅང་དཀའ་ངལ་ཡོད་པའི་གནས་ཚུལ་འོག་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་སློབ་གསོའི་གྲོན་དངུལ་ལོ་ལྟར་འཕར་རྒྱུར་འགན་ལེན་བྱས་ཡོད། 2015ལོའི་སློབ་གསོའི་གྲོན་དངུལ་གྱིས་གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཀྱི་23%ཟིན་པ་དང་རྒྱལ་ཁབ་ཀྱི་གཏན་འབེབས་ཀྱི་བརྒྱ་ཆའི་གྲངས་3ལས་བརྒལ་ཡོད། གྲོང་ཁྱེར་དང་རྫོང་ནོར་སྲིད་ཀྱིས་ལོ་ལྟར་དགེ་རྒན་གྱི་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་གྲོན་དངུལ་སྒོར་ཁྲི་4000དང་། བུ་བཅོལ་ཁང་དང་སློབ་ཆུང་གཞི་གཅིག་ཅན་དུ་གྱུར་པའི་འཛུགས་སྐྲུན་གྱི་ལེ་ལག་ཚང་བའི་ལྷན་སྦྱར་གྲོན་དངུལ་སྒོར་ཁྲི་3000 ཉམས་ཞན་སློབ་གྲྭ་སྒྱུར་བཀོད་ཀྱི་ལེ་ལག་ཚང་བའི་གྲོན་དངུལ་སྒོར་ཁྲི་1000བཅས་གཏོང་གི་ཡོད་པ་དང་། གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱིས་སྔོན་རྩིས་མ་དངུལ་ནང་བཅུག་པ་སྒོར་ཁྲི་15700ཟིན་ནས་སློབ་གསོའི་མ་དངུལ་གྱིས་གྲོང་ཁྱེར་རིམ་པའི་ནོར་སྲིད་ཡོང་འབབ་ཀྱི་བཅུ་ཆ་བཞི་ཟིན་ཡོད། ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱས་ནས“འགན་ལེན་གསུམ”གྱི་གྲོན་དངུལ་དེ་2010ལོ་དང་བསྡུར་ན་ལྡབ་2.2མཐོ་རུ་སོང་ཡོད་པ་རེད།
དགེ་རྒན་དཔུང་ཁག་སྟོབས་ཆེར་སོང་བ།
དགེ་རྒན་ནི་སློབ་གསོ་འཕེལ་རྒྱས་ཀྱི་ཐོན་ཁུངས་དང་པོ་ཡིན་པ་དང་བདེ་སྐྱིད་ལྡན་པའི་སློབ་གསོའི་ཐད་སྐྱིད་སྣང་ལྡན་པའི་དགེ་རྒན་མཁོ། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་ཆབ་མདོས“དགེ་རྒན་གྱི་ཀུན་སྤྱོད་གསོ་སྐྱོང་འདུ་འགོད”དང་། “དགེ་རྒན་གསོ་སྦྱོང་འདུ་འགོད”“རྐང་འཛིན་འདུ་འགོད”“ཚད་མཐུན་དགེ་རྒན་ཁ་གསབ་ཀྱི་འདུ་འགོད”བཅས་ལག་བསྟར་བྱས་པར་བརྟེན་ནས་དགེ་རྒན་གྱི་ཐོབ་ཐང་ཆོག་འཐུས་ལམ་ལུགས་དང་། སྤེལ་རེས་ལམ་ལུགས། སྐུལ་ལྕག་ལམ་ལུགས། ལས་རྗེས་དཔྱད་ཞིབ་ལམ་ལུགས་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཁར་དགེ་རྒན་གྱི་ཀུན་སྤྱོད་བཟང་བ་དང་། གྲུབ་ཆ་ལེགས་པ། གསོན་ཤུགས་ལྡན་པ་བཅས་ཀྱི་དགེ་རྒན་གྱི་དཔུང་ཁག་ཅིག་བསྐྲུན་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཚད་མཐུན་དགེ་རྒན་2051ཁ་གསབ་བྱས་པ་དང་དགེ་རྒན་མི་ཐེངས་ཁྲི་3000གསོ་སྦྱོང་བྱས་པ་རེད། མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་དགེ་རྒན་6299ཡོད་པ་དང་དགེ་རྒན་གྱི་སློབ་རྒྱུས་ཚད་ལོན་ཚད་བརྒྱ་ཆ་བརྒྱ་ཙམ་ཟིན་ཡོད།
2015ལོའི་མཐོ་རྒྱུགས་དཀྱུས་མའི་ནང་སློབ་ཚུད་མི་གྲངས་1745ཟིན་པ་དེ་2010ལོ་དང་བསྡུར་ན་མི་1057འཕར་བ་དང་སློབ་གྲྭར་ཚུད་ཚད་71.75%ཟིན་ནས་2010ལོ་ལས་བརྒྱ་ཆའི་གྲངས་24འཕར་བ་དང་། སློབ་མ་274རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་གྱི་བསྡུས་པ་དེ་2010ལོ་དང་བསྡུར་ན་མི་173མང་དུ་ཕྱིན་ཡོད། 2015ལོར་ནང་སའི་བོད་ལྗོངས་མཐོ་རིམ་སློབ་འབྲིང་འཛིན་གྲྭར་ཡིག་ཚད་ལོན་པའི་སོབ་སློབ་མ་409ཡིན་པ་དེ་2010ལོ་དང་བསྡུར་ན་སློབ་མ་306མང་དུ་སོང་བ་དེས་ལྗོངས་ཡོངས་ཀྱི་ཡིག་ཚད་ལོན་པའི་བསྡུར་ཚད་ཀྱི་26.39%ཟིན་པ་དང་། ཆ་སྙོམས་གྲུབ་འབྲས་དེ་2010ལོ་དང་བསྡུར་ན་སྐར་མ་102.4མཐོ་རུ་སོང་ཡོད་པ་རེད།
སློབ་གསོའི་བོད་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པ།
ཐེན་ཅིན་དང་ཁྲུང་ཆིང་གིས་ཆབ་མདོར་ཁ་གཏད་བོད་སྐྱོར་བྱས་པ་དང་། ཉེ་བའི་ལོ་ཤས་རིང་སློབ་གསོའི་བོད་སྐྱོར་ཐད་ཆབ་མདོར་ཤུགས་སྣོན་ཆེན་པོ་བརྒྱབ་ཅིང་། བསྡོམས་རྩིས་བརྒྱབ་པ་ལྟར་ན། 2010ལོ་ནས་བཟུང་ཁ་གཏད་བོད་སྐྱོར་གྱི་གྲོང་ཁྱེར་གཉིས་དང་ཁེ་ལས་དྲུག་གིས་རོགས་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི་8018ལྷག་བཏང་ནས་སློབ་གྲྭའི་ཁང་པ་སྨི་ངོས་གྲུ་64256.1གསར་དུ་བསྐྲུན་པ་དང་། དཔེ་དེབ་དཔྱད་ཡིག་254746ཞལ་འདེབས་བརྒྱབ་པ། དོ་དམ་ལས་བྱེད་པ་དང་རྐང་འཛིན་དགེ་རྒན་1677གསོ་སྦྱོང་བྱས་པ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་མི་ཐེངས་3509ལ་རོགས་དངུལ་སྤྲད་པ་བཅས་བྱས་ཡོད། 2010ལོ་ནས་བཟུང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་3016ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་པ་དང་། སློབ་མ་862ནང་སའི་འབྲིང་རིམ་ལས་རིགས་འཛིན་གྲྭར་བསྡུས་ཡོད་པ་མ་ཟད། སློབ་གྲྭ་ཐོན་པའི་སློབ་མ་90%ཡན་ལས་ཞུགས་ཐུབ་ཡོད། 2014ལོ་ནས་བཟུང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཐེན་ཅིན་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་སུ་ཆབ་མདོའི་འཛིན་གྲྭ་གཉེར་བ་དང་ཆབ་མདོའི་ཞིང་འབྲོག་པའི་བུ་ཕྲུག་100བདེ་བླག་ངང་སློབ་གྲྭར་ཞུགས་ནས་སློབ་སྦྱོང་བྱེད་ཀྱི་ཡོད་ཅིང་། སློབ་གསོའི་བོད་སྐྱོར་གྱིས་ཆབ་མདོའི་སློབ་གསོའི་སློབ་གཉེར་གྱི་ཆ་རྐྱེན་ལེགས་སུ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བཏང་བ་མ་ཟད། ཚན་ཞིབ་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།