དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་མའི་རྩོམ་ཡིག་འབྲི་སྦྱོང་ལས་འཕྲོས་པའི་བསམ་གཞིག་ཐོར་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-21

    མིག་སྔའི་རྩོམ་ཡིག་འབྲི་སྦྱོང་བྱ་ཐབས་ནི་རྩོམ་ལ་འཇུག་མ་ཐག་པའི་སློབ་མ་མི་རེ་ངོ་རེར་རྩོམ་ཡིག་རེ་འབྲི་རུ་འཇུག་གི་ཡོད་པས་སློབ་མ་མང་ཆེ་བས་ལས་འགན་དེ་ལེགས་གྲུབ་བྱེད་དཀའ་བར་བརྟེན་རྩོམ་ཡིག་འབྲི་རྒྱུར་སུན་སྣང་དང་ཞེན་པ་ལོག་སྟེ་འབྲི་མི་དགོས་ན་ཡག་ཤོས་དང་། གལ་ཏེ་ཡིན་གཅིག་འབྲི་དགོས་ཚེ་གཞན་རྩོམ་བཤུ་བའམ་གཞན་ལ་འབྲི་རོགས་བྱ་རྒྱུའི་སྐྱབས་འཇུག་ཞུ་གི་ཡོད། དེས་ན་རྩོམ་ཡིག་འབྲི་སྦྱོང་བྱ་ཐབས་དེར་སྒྱུར་བཅོས་བྱ་རྒྱུ་ནི་རྩོམ་འབྲིའི་སློབ་ཁྲིད་ལ་སྒྱུར་བཅོས་བྱེད་པའི་གོམ་སྟབས་དང་པོ་དེ་ཡིན་པ་མ་ཟད་། ཆེས་རྩ་བའི་གོམ་སྟབས་ཤིག་ཀྱང་ཡིན། དེའང་བསླབ་གཞི་སྒྱུར་བཅོས་ཀྱི་དགོངས་དོན་བཞིན་མཉམ་འགྲོགས་སློབ་སྦྱོང་བྱ་ཐབས་ལ་བརྟེན་ནས་གནད་དོན་དེ་ཐག་གཅོད་བྱ་དགོས་པ་སྟེ། རྩོམ་འབྲིའི་ཚོགས་ཆུང་བཙུགས་ནས་རྩོམ་འབྲིའི་ལས་འགན་དེ་ཚོགས་མི་ཐུན་མོང་ཐོག་ལེགས་གྲུབ་བྱ་དགོས། རྩོམ་འབྲིའི་ཚོགས་ཆུང་ཐོག་མར་འཛུགས་སྐབས་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་དང་། ཀུན་སྤྱོད། འཇོན་ཐང་། གཤིས་ཀ ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན། ཕོ་མོ་སོགས་མི་གཅིག་པའི་སློབ་མ་ཚོགས་ཆུང་གཅིག་ནང་བཀོད་སྒྲིག་བྱ་དགོས། དེ་ལྟར་བྱས་ཚེ་ཚོགས་ཆུང་གཅིག་ནང་གི་སློབ་མ་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་རོགས་རམ་བྱེད་པ་སོགས་ཚོགས་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཐུབ་ལ། ཚོགས་ཆུང་གཅིག་ནང་གི་ཚོགས་མི་རིགས་མི་འདྲ་ནའང་ཚོགས་ཆུང་ཕན་ཚུན་དབར་རིགས་མཐུན་ཡིན་པས་ཚོགས་ཆུང་དབར་གྱི་འགྲན་རྩོད་དེ་ཆ་རྐྱེན་གཅིག་མཚུངས་འོག་སྤེལ་ཐུབ་པར་བརྟེན་སློབ་མ་ཚོའི་འགྲན་རྩོད་ཀྱི་སེམས་ཤུགས་འཕེལ་ཐུབ། ཚོགས་ཆུང་བཀོད་སྒྲིག་བྱེད་ཕྱོགས་ཐད་ཚོགས་ཆུང་རེར་མི་ལྔ་རེ་དང་མང་ནའང་དྲུག་ལས་བརྒལ་མི་རུང། དེ་ནི་སྒྲིག་འཛུགས་དང་བཀོད་སྒྲིག་བྱེད་བདེ་ཡོང་ཆེད་དང་། ཕན་ཚུན་གཞོགས་འདེགས་ཡག་པོ་ཡོང་ཆེད་ཡིན། དེ་བཞིན་ཚོགས་ཆུང་རེར་ཚོགས་གཙོ་རེ་འདེམས་དགོས་པ་དེ་ཡང་སློབ་སྦྱོང་དང་ཀུན་སྤྱོད་ལེགས་ལ་སྒྲིག་འཛུགས་ཀྱི་འཇོན་ཐང་ཅུང་ཆེ་བའི་སློབ་མ་ཞིག་གདམ་དགོས། དེ་ལྟར་བྱུང་ན་ཚོགས་མི་ཚོས་བརྩི་བཀུར་དང་ལེན་ཞུ་བ་མ་ཟད། ཚོགས་ཆུང་གི་ལས་འགན་ལེགས་གྲུབ་ཐུབ་རྒྱུར་འགན་ལེན་ཡོང་ཐུབ། ཚོགས་གཙོའི་ལས་འགན་ནི་ཚོགས་མི་རྣམས་སྒྲིག་འཛུགས་བྱས་ཏེ་ཚོགས་ཆུང་གི་རྩོམ་འབྲིའི་ལས་འགན་ཁག་ལེགས་གྲུབ་བྱ་རྒྱུ་ཡིན་ཞིང་། དེ་ཡང་རྩོམ་གྱི་བརྗོད་གཞིར་གཞིགས་ནས་ཚོགས་མི་སོ་སོར་ལས་འགན་ཁ་གསལ་བཀོད་སྒྲིག་བྱ་དགོས་པ་སྟེ།

    དཔེར་ན། རི་མོར་བལྟས་ནས་རྩོམ་ཡིག་འབྲི་སྦྱོང་བྱེད་པ་ལྟ་བུར་ཆ་མཚོན་ན། ཚོགས་མི་མི་རེ་ངོ་རེར་རི་མོའི་ནང་དོན་ཤོད་འབྲི་བྱེད་དུ་འཇུག་པའམ་ཡང་ན་རི་མོའི་ནང་དོན་ལ་གཞིགས་ནས་ཚོགས་མི་སོ་སོར་ལྟ་ཞིབ་བྱེད་པའི་ལས་འགན་མི་འདྲ་བ(དཔེར་ན་རི་མོ་དེར་མི་དང་། སྲོག་ཆགས། ཡུལ་ལྗོངས་སོགས་ཡོད་ན། ལ་ལར་མི་དང་། ལ་ལར་སྲོག་ཆགས། ལ་ལར་ཡུལ་ལྗོངས་ལ་ལྟ་ཞིབ་བྱེད་དུ་འཇུག་དགོས་པ་ལྟ་བུ)སྤྲད་དེ་མཐར་ཚོགས་མི་སོ་སོའི་ལས་འགན་ལེགས་གྲུབ་བྱུང་བ་ལ་བརྟེན་ནས་རི་མོ་དེའི་ནང་དོན་ཆ་ཚང་ལ་ལྟ་ཞིབ་ཐུབ་པ་བྱ་རྒྱུ་ཡིན་ཞིང་། ལྟ་ཞིབ་བྱས་པའི་ནང་དོན་ཆ་ཚང་ཁ་ཐོག་ནས་ཤོད་པའམ་ཡིག་ཐོག་ཏུ་ཕབ་དགོས།

    དེ་བཞིན་རྩོམ་ཡིག་ལྟ་ཀློག་བྱས་པའི་མྱོང་ཚོར་ཤོད་འབྲི་བྱེད་པར་ཆ་མཚོན་ན། རྩོམ་ཡིག་གི་ནང་དོན་ཧྲིལ་པོ་དུམ་མཚམས་འགར་དབྱེ་ནས་ཚོགས་མི་རེ་རེར་དུམ་མཚམས་རེའི་ནང་དོན་བལྟ་ཀློག་བྱེད་པའི་ལས་འགན་སྤྲད་ཐོག་ལྟ་ཀློག་བྱས་པའི་མྱོང་ཚོར་ཚོགས་མི་ཕན་ཚུན་ཚོགས་ཆུང་ནང་གླེང་རེས་བརྒྱུད་རྩོམ་ཡིག་ལྟ་ཀློག་བྱས་པའི་མྱོང་ཚོར་ཆ་ཚང་བ་ཤོད་འབྲི་ཐུབ་པ་བྱེད་དགོས། འབྲི་སྦྱོང་བྱ་ཐབས་དེ་ནི་ཚོགས་ཆུང་གི་ཚོགས་མི་མཐའ་དག་ཚོགས་ཆུང་དེའི་ནང་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད། རང་རང་སོ་སོར་ལས་འགན་ཁ་གསལ་ཡོད་ལ་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་པ་བཅས་ཚོགས་ཆུང་གི་བྱེད་སྒོའི་ནང་ཚོགས་མི་མི་རེ་ངོ་རེའི་རིན་ཐང་མངོན་ཐུབ་པ་བྱ་རྒྱུ་དེ་ཡིན།

    གཞན་ཡང་རྒྱུ་ཆ་འཚོལ་བསྡུའི་ཐད་རྩོམ་གྱི་བརྗོད་གཞིར་གཞིགས་ནས་སློབ་མ་ཚོར་རྒྱུ་ཆ་འཚོལ་བསྡུའི་ལས་འགན་ཁ་གསལ་བཀོད་སྒྲིག་བྱས་ཐོག་རང་རང་གི་ལས་འགན་ལེགས་གྲུབ་ཡག་པོ་བྱུང་ཡོད་མེད་སྐབས་འཕྲལ་ཞིབ་བཤེར་ནན་པོ་བྱ་དགོས། རྒྱུ་ཆ་འཚོལ་བསྡུའི་ལས་འགན་འདི་ཅུང་ལྕི་བས་ཐོག་མ་ཉིད་ནས་རྒྱུ་ཆ་ཕུན་སུམ་ཚོགས་པོ་དང་གཏིང་ཟབ་པོ་དགོས་པའི་རེ་བ་འདོན་མི་ཉན་ལ། དེའི་ཐད་སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མ་ཚོར་དེ་བས་ལྟ་རྟོག་གང་ཐུབ་བྱ་དགོས། རྒྱུ་ཆ་གདམ་གསེས་ཐད། ཚོགས་མི་སོ་སོས་འཚོལ་བསྡུ་བྱས་པའི་རྒྱུ་ཆ་རྣམས་ཚོགས་ཆུང་ནང་བཀླག་ཏུ་བཅུག་ནས་རྩོམ་གྱི་བརྗོད་གཞིར་གཞིགས་ཏེ་གང་ཞིག་མཁོ་བ་དང་། གང་ཞིག་མི་མཁོ་བ་ཚོགས་མི་ཕན་ཚུན་གྲོས་བསྡུར་བྱས་ནས་གཏན་འཁེལ་བྱ་དགོས་པ་ལས། བརྒྱ་ཁ་གཅིག་གཅོད་བྱེད་མི་ཉན་ལ་མང་ཉུང་ལ་མ་ལྟོས་པར་ཚོགས་མི་ཚང་མའི་རྒྱུ་ཆ་ནས་འདེམས་གང་ཐུབ་བྱ་དགོས། དེ་ལྟར་བྱས་ཚེ། ཚོགས་མི་ཡོངས་ཀྱི་རྩོམ་འབྲིའི་ཧུར་སེམས་འཕེལ་ཐུབ། དེ་བཞིན་གདམ་གསེས་བྱུང་བའི་རྒྱུ་ཆ་རྣམས་ལ་སྨྱུག་རྟགས་རྒྱག་ཏུ་འཇུག་དགོས། དེ་ནི་ལེགས་སྒྲིག་བྱེད་བདེ་ཡོང་ཆེད་ཡིན། ལེགས་སྒྲིག་བྱེད་སྐབས་གདམ་གསེས་བྱུང་བའི་རྒྱུ་ཆ་རྣམས་ལེགས་སྒྲིག་བྱ་རྒྱུའི་ལས་འགན་གཙོ་བོ་ཚོགས་གཙོས་ཁུར་དགོས་པ་དང་། ཚོགས་མི་གཞན་རྣམས་ལ་ལས་འགན་མེད་པ་མ་ཡིན་ཏེ། རེ་འགས་རྩོམ་ཡིག་གི་ཕྲད་དང་དག་ཆ་ནོར་ཡོད་མེད་དང་། རེ་འགས་བརྗོད་པ་བདེ་པོ་བྱུང་ཡོད་མེད། རེ་འགས་གོ་རིམ་སྒྲིག་པོ་བྱུང་ཡོད་མེད། རེ་འགས་བརྗོད་པ་ཁ་གསལ་བྱུང་ཡོད་མེད་སོགས་ཚོགས་མི་སོ་སོར་ལས་འགན་རེ་བསྐུར་ནས་ལས་འགན་དེ་ཚོགས་མི་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་སྒོ་ནས་ལེགས་གྲུབ་བྱ་དགོས་པ་ལས། རྩོམ་འབྲིའི་ལས་འགན་ཐམས་ཅད་ཚོགས་གཙོས་བསྒྲུབས་ནས་ཚོགས་ཆུང་མིང་ཙམ་དུ་འགྱུར་བའི་རྣམ་པ་མི་ཐོན་པ་བྱ་རྒྱུ་དེ་ནི་སློབ་སྦྱོང་བྱ་ཐབས་འདིའི་དཀའ་གནད་ཡིན་ལ་གཙོ་གནད་ཀྱང་ཡིན།

    རྩོམ་ཡིག་ལེགས་གྲུབ་ཟིན་རྗེས་ཚོགས་གཙོས་ཚོགས་ཆུང་ནང་ཐེངས་གཅིག་བཀླགས་ནས་བཟོ་བཅོས་དགོས་མིན་གྲོས་བསྡུར་བྱ་དགོས་པ་དང་། དེ་རྗེས་ཚོགས་མི་མི་རེ་ངོ་རེར་ལྟ་རུ་བཅུག་ནས་རང་རང་གི་འགན་ཁུར་ཁྱབ་ཁོངས་ནང་ད་དུང་གནད་དོན་ཡོད་མེད་ཞིབ་བཤེར་བྱ་རུ་འཇུག་དགོས། དེ་ལྟར་བྱས་ཚེ་ཚོགས་མི་སོ་སོའི་འགན་འཁྲི་ཁ་གསལ་ཡོང་བ་མ་ཟད། རྩོམ་ཡིག་ལའང་ཞིབ་བཤེར་དང་བཟོ་བཅོས་ཐེངས་མང་བྱུང་བར་བརྟེན་རྩོམ་ཡིག་གི་སྤུས་ཚད་ཇེ་ལེགས་སུ་འགྲོ་བ་སྨོས་མེད་ཁར། དེ་ལ་བརྟེན་ནས་སློབ་མ་ཚོས་མཉམ་དུ་སློབ་སྦྱོང་བྱེད་པའི་ཕན་ཡོན་ཤེས་རྟོགས་ཐུབ་པ་དང་། ཆབས་ཅིག་རྩོམ་འབྲིའི་སྤྲོ་སྣང་དང་ནུས་པ་སྐྱེད་སྲིང་བྱ་ཐུབ། དེ་ལྟར་དུས་ཡུན་གང་ཙམ་སྦྱོང་བརྡར་བྱས་པ་བརྒྱུད་སློབ་མ་ཚོའི་དོན་དངོས་ལ་གཞིགས་ནས་རྩོམ་འབྲིའི་ལས་འགན་ཁག་སློབ་མ་རེས་མོས་ངང་བསྒྲུབ་ཏུ་འཇུག་དགོས་པ་ནི་ཚོགས་མི་ཡོངས་ལ་རྩོམ་འབྲིའི་ཕྱོགས་ཡོངས་ཀྱི་སྦྱོང་བརྡར་ཐེབས་ཆེད་ཡིན། སྦྱོང་བརྡར་བྱ་ཐབས་འདི་རྩོམ་ཡིག་སློབ་འགོ་བཙུགས་པ་ནས་ལོ་གཉིས(སློབ་ཆུང་ལོ་རིམ་བཞི་པ་དང་ལྔ་པའི་ནང)ཙམ་རྒྱུན་བསྲིངས་བྱས་རྗེས་མཐར་སློབ་མ་མི་སྒེར་གྱིས་རྩོམ་འབྲིའི་ལས་འགན་ལེགས་གྲུབ་ཡོང་བར་རྨང་གཞི་གདིང་ཆེད་ཡིན་ནོ།

    (ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དགེ་མིང་འཛིན་པ་ཚེ་དབྱངས་ཀྱིས)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།