འཛིན་གྲྭའི་ཀྲུའུ་རེན་གྱིས་རྗེས་ལུས་སློབ་མ་གསོ་སྐྱོང་གི་ལས་དོན་སྒྲུབ་ཐབས་སྐོར་གླེང་བ།
རྗེས་ལུས་སློབ་མ་ནི་བསམ་བློ་ཀུན་སྤྱོད་དང་། སྦྱངས་འབྲས་སོགས་གཞན་ལས་ཅུང་ཞན་པའི་གནས་སུ་ལུས་པའི་སློབ་མར་ཟེར། སློབ་མ་དེ་དག་ལེགས་སྒྱུར་བྱེད་རྒྱུ་ནི་བྱང་ཚད་སློབ་གསོ་ལག་བསྟར་བྱེད་པའི་འགག་རྩ་ཞིག་ཡིན་སྟབས་འཛིན་གྲྭའི་ཀྲུའུ་རེན་གྱིས་དེར་ཚད་མཐོའི་མཐོང་ཆེན་གནང་དགོས། འཛིན་གྲྭ་མཉམ་སྡེབ་ཀྱི་བྱང་ཚད་དེ་སློབ་ཕྲུག་སྒེར་གྱི་བྱང་ཚད་ལ་རག་ལུས་ཡོད་ཕྱིན། གལ་ཏེ་སློབ་མའི་བྱང་ཚད་མཐོ་བ་དང་། འཛིན་གྲྭའི་སྤྱོད་ཚུལ་ལེགས་པ། སློབ་ཕྲུག་གིས་སྒྲིག་ལམ་སྲུང་བ་བཅས་ཡིན་ན་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀ་དེའང་འགྲུབ་སླ་བ་ཞིག་ཡིན། འོན་ཀྱང་མཛུབ་མོ་ལྔ་ལ་རིང་ཐུང་ཡོད་པ་ལྟར་འཛིན་གྲྭ་མཉམ་སྡེབ་གང་གི་ནང་དུ་ཡང་རྗེས་ལུས་སློབ་མ་འགའ་ཤས་ཡོད་དེ། ཁོང་ཚོ་གསོ་སྐྱོང་གི་ལས་དོན་སྒྲུབ་པར་གང་ལ་དེ་འཚམས་ཀྱི་བྱ་ཐབས་སྤྱད་ན་གཞི་ནས་ཕན་འབྲས་ཐོན་ངེས་ཡིན་ལ་འཚར་ལོངས་ཀྱི་ཁོར་ཡུག་དང་། སློབ་གསོ། རང་སྟོབས་ཀྱི་ནུས་པ་སོགས་ཀྱི་རྐྱེན་པས་སློབ་མའི་གཟུགས་སྟོབས་དང་། གཤིས་རྒྱུད། དགའ་ཕྱོགས། སེམས་ཁམས་བཅས་ཚང་མའི་ཐད་ཁྱད་ཆོས་མི་འདྲ་བ་རེ་ཡོང་སྲིད། དེར་བརྟེན། སློབ་མ་དེ་ཚོས་སློབ་གསོ་དང་ལེན་བྱེད་པའི་བརྒྱུད་རིམ་ནང་རབ་འབྲིང་ཐ་གསུམ་གྱི་ཚོགས་སྤྱི་སྣ་ཚོགས་ཐོན་རྒྱུར་གདོན་མི་ཟ། དེས་ན་སློབ་གསོ་སློབ་ཁྲིད་སྐབས་སུ་ངེས་པར་དུ་སྣེ་མང་རྙོག་འཛིང་གི་ཆོས་ཉིད་དེར་གཞིགས་ཏེ་བབ་བསྟུན་འཆད་ཁྲིད་དང་། ནད་བསྟུན་སྨན་བཅོས་ཀྱི་ཐབས་ལ་བརྟེན་ན་གཞི་ནས་རྗེས་ལུས་སློབ་མ་ལེགས་སྒྱུར་གྱི་ལས་དོན་ལེགས་སྒྲུབ་ཐུབ་ངེས་ཡིན་ཏེ།
1. རྗེས་ལུས་སློབ་མ་ཐོན་པའི་རྒྱུ་རྐྱེན་ཤེས་པའི་ཁར་གང་དེ་སེལ་བའི་ལས་ལ་འབད་དགོས་པ།
དངོས་གཙོའི་རྩོད་སྒྲུབ་རིག་པས་འཛམ་གླིང་ཐོག་གི་བྱ་དངོས་ཐམས་ཅད་ཕྱི་ནང་གི་འགལ་བ་དང་ཕན་ཚུན་གཅིག་གྱུར་གྱི་ཆོས་ཉིད་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་རྗེས་ལུས་སློབ་མ་མང་ཆེ་བ་ལྷན་སྐྱེས་ཀྱི་རྗེས་ལུས་མ་ཡིན་པར། དེ་ནི་རྗེས་གྲུབ་ཀྱི་འཚོ་བའི་ཁོར་ཡུག་སོགས་ཀྱི་རྐྱེན་གང་མང་ལས་བྱུང་བ་ཞིག་ཡིན་ཏེ། དེར་སློབ་ཕྲུག་རང་ཉིད་ཚུད་ཡོད་པ་མ་ཟད། སྤྱི་ཚོགས་དང་ཁྱིམ་བདག་གི་རྐྱེན་དང་། ད་དུང་སློབ་གསོའི་ལས་དོན་གྱི་ནོར་འཛོལ་ཡང་ཚུད་ཡོད་པ་ང་ཚོས་མཐོང་དགོས། ལྷག་པར་དུ་ང་ཚོ་འཚོ་གནས་ཀྱི་སྤྱི་ཚོགས་ཁྲོད་ཀྱི་ཚུལ་མིན་གྱི་བསླད་སྐྱོན་དང་མི་རང་ཉིད་སྐྱིད་འདོད་སྒུལ་འཚེར་གྱི་བསམ་བློ་ལྡན་པ་སོགས་ནི་དེའི་རྒྱུ་རྐྱེན་གཙོ་བོ་ཡིན།
དེ་བཞིན་རྗེས་ལུས་སློབ་མའི་སྐྱོན་ཡོན་གཉིས་ཀའམ་གང་རུང་ཞིག་ལ་མི་འདེང་བའི་ཆ་ལྡན་པ་སྨོས་མེད་ལགས་མོད། ཡིན་ནའང་ཁོང་ཚོའི་མི་འདེང་བའི་ཆ་དག་ལྕགས་གོང་མཁྲེགས་པོ་ལྟར་བཅོས་ཐབས་མེད་པ་མིན་ལ། ཁོང་ཚོའི་རྒྱུད་དུ་ལེགས་ཆ་ཡང་མང་པོ་ཡོད་ངེས་པས། དགེ་རྒན་གྱིས་སློབ་གསོ་སློབ་ཁྲིད་དང་འཛིན་གྲྭར་དོ་དམ་བྱེད་པའི་ནང་ཚན་རིག་དང་མཐུན་པའི་ལྟ་བའི་ཐོག་ནས་རྗེས་ལུས་སློབ་མར་ལེགས་ཆ་གང་ཡོད་གནད་ལ་འཕིགས་པའི་སྒོ་ནས་ཤེས་རྟོགས་ཐུབ་པ་བྱས་ཏེ། ཁོང་ཚོའི་ཞན་ཆ་དག་སེལ་བའི་སེམས་ཁམས་ཀྱི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་དེ་རྙེད་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་།
2. སྒྲིག་སྲོལ་ལྟར་བྱ་དགའ་ཆད་གཅོད་དང་བསྟོད་སྨད་ཚད་རན་པོ་ཡོང་བ་བྱེད་དགོས་པ།
བྱ་དགའ་དང་ཆད་གཅོད་ནི་དགེ་རྒན་གྱི་སློབ་གསོའི་བྱེད་སྒོའི་ནང་སློབ་ཕྲུག་ལ་དོ་དམ་བྱེད་པའི་ནུས་ལྡན་གྱི་བྱ་ཐབས་ཤིག་ཡིན། འོན་ཏེ་སློབ་གྲྭ་དང་འཛིན་གྲྭའི་སྒྲིག་སྲོལ་ལྟར་རྗེས་ལུས་སློབ་མར་བྱ་དགའ་ཆད་གཅོད་ལག་བསྟར་བྱེད་སྐབས་ངེས་པར་དུ་ཚད་རན་པོ་དགོས། ལྷག་པར་དུ་ཆད་གཅོད་ཤུགས་ཆེ་དྲགས་ན་རྗེས་ལུས་སློབ་མ་ལེགས་སྒྱུར་བྱ་རྒྱུར་ཕན་འབྲས་ཐོན་རྒྱུ་ལྟ་ཅི། ཐ་ན་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད། སྤྱིར་བཏང་བྱས་ན། རྗེས་ལུས་སློབ་མས་སྒྲིག་ལམ་ལས་འགལ་བའི་བྱ་སྤྱོད་སློབ་མ་གཞན་ལས་མང་བ་སྤེལ་གྱི་ཡོད་སྟབས་ཆད་པའང་མང་ཙམ་ཕོག་གི་ཡོད། འོན་ཀྱང་། ཆད་གཅོད་མང་དྲགས་ན་བསུན་སྣང་སྐྱེས་ཏེ་སློབ་མ་དེ་བས་དེ་ལས་གཡོལ་ཆེད་བྱུང་རྒྱལ་དུ་རྫུན་གཏམ་ཤོད་པ་དང་། མགོ་སྐོར་གཏོང་བའི་ཐབས་ལ་བརྟེན་ནས་རང་སྲུང་བྱེད་སྲིད་པས། དེ་དོན་བྱ་བ་གང་བྱས་ཚད་རན་པོ་ཡོང་བར་མནོ་བསམ་ཏན་ཏིག་གཏོང་དགོས། ཧྥ་རན་སིའི་སློབ་གསོ་མཁས་ཅན་ལུའུ་སུའོ་ཡིས“སློབ་ཕྲུག་གི་ཡར་རྒྱས་ཕྲན་བུ་ལ་བསྔགས་བརྗོད་བྱས་ན་དེ་ནི་བྱ་ངན་མངོན་གསལ་ཅན་ལ་འཕྱ་དམོད་བྱས་པ་ལས་ལྷག་པ་ཡོད”ཅེས་གསུངས་མྱོང་ཡོད། འཛིན་གྲྭའི་ཀྲུའུ་རེན་གྱི་ངོས་ནས་བཤད་ན། རྟག་ཏུ་རྗེས་ལུས་སློབ་མར་ལེགས་ཆ་གང་ཡོད་གསལ་པོར་ངེས་ནས་དུས་ཐོག་ཏུ་བསྟོད་བསྔགས་བྱེད་པའི་ཐབས་ལ་བརྟེན་ན་ཁོང་ཚོའི་རང་བརྩིའི་བསམ་པ་གསོ་སྐྱོང་དང་། སེམས་ཁམས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱས་ཐོག རང་ཉིད་གཞན་ལས་མི་དམན་པའི་འདུ་ཤེས་འཕེལ་བར་བྱས་ཏེ་སློབ་མའི་ཡར་བརྩོན་གྱི་འདུ་ཤེས་སམ་བསམ་བློ་གསོ་སྐྱོང་བྱེད་ཐུབ། བདག་གིས་མི་ལོ་དུ་མའི་རིང་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་དངོས་ནང་རྗེས་ལུས་སློབ་མར་སྟབས་བསྟུན་གྱི་བསྟོད་བསྔགས་བྱེད་པའི་ཐབས་ལ་བརྟེན་ནས་ཁོང་ཚོའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་དང་། རང་གཤིས་འཐུས་ཚང་ཡོང་རྒྱུ་སོགས་ཕྱོགས་ཡོངས་ལ་དོ་སྣང་ཆེན་པོ་བྱེད་པ་ལས། ཁོང་ཚོར་སྐྱོན་བརྗོད་ཁོ་ན་བྱས་ན་གནོད་པ་ལས་ཕན་པ་མེད་པའི་ར་སྤྲོད་བྱུང་བ་མ་ཟད། ད་དུང་རྗེས་ལུས་སློབ་མ་ལ་ལར་བསྟོད་བསྔགས་ཐོབ་པར་བརྟེན་འཕྲལ་མར་ཡར་ཐོན་གྱི་འདུན་པ་སྐྱེས་ཏེ་བསམ་ཡུལ་ལས་འདས་པའི་ཡར་རྒྱས་ཆེན་ཡོང་བའི་ར་སྤྲོད་ཀྱང་གང་ལེགས་བྱུང་། དེ་སྔའི་སུའུ་ལེན་གྱི་སློབ་གསོ་མཁས་ཅན་སུའུ་ཧོ་མུ་ལིན་སི་ཅི་ཡིས“བརྩེ་སེམས་མེད་ན་སློབ་གསོ་མེད”ཅེས་གསུངས་མྱོང་བ་དང་། རང་རྒྱལ་གྱི་སློབ་གསོ་མཁས་ཅན་སྐུ་ཞབས་ཐའོ་ཞིང་ཀྲི་མཆོག་གིས་ཀྱང“བརྩེ་སེམས་མེད་པའི་སློབ་གསོ་ལ་བྲོ་བ་ཅི་ཡང་མེད་པས་རི་ཆུ་སྐམ་པ་དང་གཉིས་སུ་མེད”ཅེས་གསུངས་མྱོང་བ་ལྟར། དགེ་རྒན་གྱིས་སློབ་མར་བརྩེ་སེམས་བཅངས་ནས་སློབ་གསོ་སྤེལ་རྒྱུ་ནི་སློབ་གསོ་ལེགས་གྲུབ་ཡོང་བའི་འགག་རྩ་ཡིན། དེ་བས་འཛིན་གྲྭའི་ཀྲུའུ་རེན་གྱིས་རྒྱུན་དུ་སེམས་རྩ་འཁོལ་པོས་སློབ་ཕྲུག་ཡོངས་རྫོགས་སམ། ལྷག་པར་དུ་འཛིན་གྲྭའི་རྗེས་ལུས་སློབ་མའི་སློབ་སྦྱོང་དང་། འཚོ་བ། བདེ་སྡུག་བཅས་ལ་སེམས་འཁུར་དང་རོགས་རམ་བྱས་ན། སློབ་ཕྲུག་ཚོས་ཀྱང་དགེ་རྒན་ལ་གུས་ཞབས་དང་ཡིད་ཆེས་བློས་འགེལ་བྱེད་པ་མ་ཟད། དགེ་སློབ་དབར་གྱི་བཅོས་མིན་བརྩེ་སེམས་དེ་རྗེས་ལུས་སློབ་མ་ཡར་རྒྱས་འགྲོ་བའི་སྒུལ་ཤུགས་ལ་འགྱུར་ངེས་ཡིན།
3. ཁྱིམ་སློབ་ཟུང་སྦྲེལ་གྱི་སློབ་གསོའི་མ་ལག་ཞིག་བསྐྲུན་དགོས་པ།
ཁྱིམ་བདག་ནི་ཕྲུ་གུའི་དགེ་རྒན་ཨང་དང་པོ་ཡིན་པའི་ངོས་ནས་ཕྲུ་གུའི་མི་ཚེ་ཧྲིལ་པོར་དྲང་ལྡོག་གཉིས་ཀའི་ཐད་ནུས་པ་ཤུགས་ཆེན་ཐོན་གྱི་ཡོད་སྟབས་ཁྱིམ་བདག་གིས་གཏམ་སྤྱོད་གང་གི་ཐད་ལའང་དོ་སྣང་གནང་དགོས་ཤིང་། སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས་རྗེས་ལུས་སློབ་མར་ནུས་པ་ལྡན་ཞིང་དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་གསོ་བྱེད་བསམས་ན། ངེས་པར་དུ་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་དང་། ཁྱིམ་བདག་གི་བསམ་བློའི་འདུ་ཤེས་ལ་ཤེས་རྟོགས་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་མཐོང་། གང་ལགས་ཤེ་ན། རྗེས་ལུས་སློབ་མ་ལེགས་སྒྱུར་བྱེད་སྐབས་ཁྱིམ་བདག་གི་རོགས་རམ་དང་ཁ་འབྲལ་ཐབས་མེད། དེའང་དགེ་རྒན་གྱིས་རྟག་ཏུ་ཁྱིམ་བདག་དང་འབྲེལ་བ་བྱས་ཏེ་ག་དུས་ཡིན་རུང་སློབ་མ་ཁྱིམ་དུ་སྡོད་སྐབས་ཀྱི་བྱ་སྤྱོད་དང་བསམ་པའི་འཁྱེར་སོ་བཅས་ལ་ཤེས་རྟོགས་ཡང་ཡང་བྱེད་དགོས་ཤིང་། སློབ་ཕྲུག་གི་གཤིས་རྒྱུད་དང་། དགེ་སྐྱོན། དགའ་ཕྱོགས། སེམས་ཁམས་བཅས་ལ་གཞིགས་ཏེ་གཙོ་གནད་དམ་འཛིན་དང་། གནད་ངོས་ཟུང་སྦྲེལ། ཁྱིམ་སློབ་མཉམ་ཞུགས་ཀྱིས་རྗེས་ལུས་སློབ་མ་ལེགས་སྒྱུར་བྱེད་པའི་ལས་ལ་གཞོལ་ན་གཞི་ནས་ཕན་འབྲས་བཟང་པོ་ཐོབ་ངེས་ཡིན། དེ་སྔོན་བདག་གི་སློབ་མ་ཞིག་ལེ་ལོ་དང་རྣམ་གཡེང་དབང་གིས་སྦྱངས་འབྲས་ཧ་ཅང་ཞན་པོ་ཡོད། ད་དུང་སློབ་མ་གཞན་ནས་དངུལ་གཡོ་ལེན་བྱེད་པ་དང་སློབ་གྲྭའི་ནང་སྐབས་འགར་དགེ་རྒན་ལ་ཡང་མགོ་སྐོར་གཏོང་གི་ཡོད། རྗེས་སུ་འཛིན་གྲྭའི་ཀྲུའུ་རེན་ཞིག་གི་ངོས་ནས། ངས་སློབ་མ་དེའི་ཁྱིམ་དུ་བཅར་འདྲི་བྱས་ཏེ་གནས་ཚུལ་ཤེས་རྟོགས་བྱས་པ་དང་ཁྱིམ་སློབ་མཉམ་འགུལ་གྱིས་སློབ་མ་དེར་སློབ་གསོ་བྱས་སྟབས་ཁོའི་རྒྱུན་གཏན་གྱི་བྱ་སྤྱོད་ཡོངས་སུ་སྒྱུར་བ་མ་ཟད། སྦྱངས་འབྲས་ཀྱང་ཉིན་རེ་ལས་མ་འདས་པར་ཡར་རྒྱས་བྱུང་ངོ།
4. དགེ་སློབ་དབར་མཛའ་བཤེས་ཀྱི་ཟམ་པ་བཙུགས་ནས་བརྩེ་སེམས་ཇེ་ཟབ་ཏུ་གཏོང་དགོས་པ།
སློབ་ཕྲུག་ལ་གཅེས་ཞེན་བྱ་རྒྱུ་དེ་སློབ་གསོ་ལག་བསྟར་བྱེད་པའི་རྨང་གཞི་ཡིན། དེར་བརྟེན། དགེ་རྒན་གྱིས་སློབ་ཕྲུག་ལ་སློབ་གསོ་གཏོང་སྐབས་བརྩེ་སེམས་འཆང་བ་ནས་འགོ་འཛུགས་དགོས་ཤིང་། དགེ་བའི་བཤེས་གཉེན་ཞིག་གི་བྱམས་བརྩེ་དང་གཤིས་བཟང་ལ་བརྟེན་ནས་སློབ་ཕྲུག་གི་ཡིད་དབང་འགུག་པ་དང་སྐུལ་མ་བཏང་ནས་དགེ་སློབ་བར་གྱི་མཛའ་བཤེས་ཀྱི་ཟམ་པ་འཛུགས་དགོས། རྗེས་ལུས་སློབ་མས་བརྩེ་སེམས་ཀྱི་དྲོད་སྐྱིད་ཚོར་བ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། གང་ལགས་ཤེ་ན། མི་མང་པོ་ཞིག་གིས་ཁོང་ཚོ་ནི་སྐྱོན་ཅན་གྱི་སློབ་མར་བརྩིས་ཏེ་དགོས་ངེས་ཀྱི་བརྩི་འཇོག་དང་བསམ་ཤེས་མ་ཐོབ་སྟབས། ཁོང་ཚོའི་སེམས་ཁམས་དེ་ཡ་མ་ཟུང་གི་ཕྱོགས་སུ་འགྲོ་བ་དང་། རང་བརྩིའི་བསམ་པར་ཕོག་ཐུག་སོང་ནས་རང་ཉིད་ནི་གཞན་ལས་དམན་པ་དང་། ཆ་མ་ཚང་བའི་སློབ་མ་ཞིག་ཡིན་པའི་ངོས་འཛིན་བྱུང་ནས། རང་དམན་གྱི་འདུ་ཤེས་ཉིན་བཞིན་ཚབས་ཇེ་ཆེར་འགྲོ་བ་ཡིན། དེར་བརྟེན་རྗེས་ལུས་སློབ་མ་ལེགས་སྒྱུར་བྱེད་སྐབས་བརྩི་འཇོག་དང་ཡིད་ཆེས་ནི་སྔོན་འགྲོ་དང་། བརྩེ་སེམས་ནི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན།
གོང་དུ་བཤད་པ་ནི་རྗེས་ལུས་སློབ་མར་སློབ་གསོ་གཏོང་སྐབས་བྱ་དགའ་དང་ཆད་གཅོད། ལུགས་མཐུན་གྱི་བསྟོད་བསྔགས། སེམས་རྩ་འཁོལ་བའི་བྱམས་བརྩེ། རྒྱུན་འཁྱོངས་ལྷོད་མེད་ཀྱི་བཟོད་སེམས་བཅས་དགོས་པའི་སྐོར་བཤད་ཡོད། དེ་འདྲ་བྱུང་ན་སློབ་ཕྲུག་གི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་གྱི་དམིགས་ཡུལ་འགྲུབ་ཐུབ་པ་དང་། འཛིན་གྲྭ་ཐུན་མོང་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་སློབ་གསོའི་སྟོབས་ཤུགས་མཉམ་ཞུགས་མཉམ་ལས་བྱུང་ན། རྗེས་ལུས་སློབ་མ་ལེགས་སྒྱུར་གྱི་དམིགས་འདུན་སྔར་བས་ལེགས་པའི་ངང་སྒྲུབ་ཐུབ་བོ།
(འདམ་གཞུང་རྫོང་ལུང་རིང་ཤང་ལྟེ་བའི་སློབ་ཆུང་གི་བུ་ཆུང་གིས)
འགན་འཁུར་རྩོམ་སྒྲིག་པ། 罗布玉珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣