དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་མར་རྩོམ་རིག་སློབ་ཚན་ཁྲིད་ཐབས་ཀྱི་མྱོང་བ་དང་བསམ་ཚུལ་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-16

    རྩོམ་རིག་སློབ་ཚན་ནི་གཞན་རྩོམ་ལ་ལྟ་ཀློག་དབྱེ་ཞིབ་བྱས་ནས་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་རྒྱུ་དེ་ཡིན། དེས་ན་འཛམ་གླིང་དུ་གྲགས་ཆེ་བ་དང་ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་སམ་མི་རིགས་གཞན་གྱི་ཕུལ་བྱུང་རྩོམ་ཡིག་ལ་དབྱེ་ཞིབ་ཀྱིས་སློབ་མའི་རྩོམ་འབྲིའི་ནུས་པར་སྦྱོང་བརྡར་སྤྲོས་རྒྱུ་ནི་གོམ་པ་མཉམ་བགྲོད་ཀྱི་བྱ་ཐབས་གཙོ་བོ་ཞིག་ཡིན། དེས་ན། དགེ་བའི་བཤེས་གཉེན་ཚོས་ཞར་ཞོར་དུ་སློབ་མའི་རྩོམ་འབྲིའི་དགའ་སྣང་གསོ་སྐྱོང་དང་སློབ་མའི་རྩོམ་རྩལ་ལེགས་སུ་གཏོང་ཐབས་ལ་རང་ཉིད་ཀྱི་མྱོང་བ་གཙོ་བོར་བཟུང་ནས་ཅུང་ཟད་གླེང་བར་འདོད།

    རྩོམ་ལུས་གང་ཡང་རུང་བའི་རྩོམ་རིག་སློབ་ཚན་སློབ་ཁྲིད་མ་བྱས་སྔོན་ལ། དགེ་བའི་བཤེས་གཉེན་ཚོས་རྩོམ་རིག་བརྩམས་ཆོས་དེའི་སྙིང་དོན་དང་། དེས་ཀློག་པ་པོར་སེམས་འགུལ་ཇི་ལྟར་ཐེབས་པ། དེ་བཞིན་དེས་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་ཇི་ལྟར་མཚོན་པ། དེ་ལ་ཆགས་སྡང་གི་ཀུན་སློང་ཇི་འདྲ་ལྡན་པ། དེས་སྤྱི་ཚོགས་ལ་ནུས་པ་ཇི་ལྟར་ཐོན་པ། དེའི་ནང་གི་ཚིག་སྦྱོར་བེད་སྤྱོད་ཇི་ལྟར་བྱས་ཡོད་མེད་བཅས་ལ་དབྱེ་ཞིབ་ནན་ཏན་བྱེད་པ་ལས། སློབ་མར་ཀློག་ཏུ་འཇུག་པ་ཙམ་དང་། ཡང་ན་དུམ་མཚམས་དབྱེ་ནས་སློབ་ཚན་གྱི་སྙིང་དོན་དེ་དང་དེ་བཞིན་ངག་ལ་འཛིན་དུ་འཇུག་པ་སོགས་སྲོལ་རྒྱུན་ནམ་ཐབས་ཤེས་རྙིང་པ་དག་ལ་བརྟེན་ནས་རྩོམ་ཡིག་སློབ་ཚན་འཁྲིད་ན་སློབ་མའི་རྩོམ་རྩལ་ལེགས་སུ་གཏོང་བར་ནུས་པ་དེ་ཙམ་ཐོན་མི་ཐུབ། དཔེར་ན། སྒྲུང་གཏམ་ལས་མང་ཆེ་བ(བསྡུས་བརྗོད་ཀྱི་སྒྲུང་གཏམ་ཡང་ཡོད་དེ་མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ལྟ་བུ)ནང་དོན་དངོས་དེ་གསལ་པོར་བསྟན་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་ཆགས་སྡང་གསལ་པོར་མཚོན་པ་ཞིག་སྟེ།

    《མཇུག་མཐའི་སློབ་ཐུན་གཅིག》ཅེས་པ་དང་།《མགོ་གཉིས་མ》ཞེས་པ་སོགས་ཀྱི་བརྩམས་ཆོས་དག་གིས་ཐད་ཀར་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་དང་དེ་ལ་ཐེར་འདོན་བྱེད་པ་གསལ་པོར་རྟོགས་ཐུབ་ལ། སློབ་མར་འཁྲིད་སྐབས་ཀྱང་རྩོམ་རིག་བརྩམས་ཆོས་གཞན་ལས་ཅུང་སླ་བ་ཞིག་ཡིན། འོན་ཀྱང་སྙན་ངག་བརྩམས་ཆོས་ཕལ་ཆེ་བ་དོན་ཐད་ཀར་བསྟན་མི་སྲིད་ལ། བསྡུས་བརྗོད་དང་གབ་པའི་རང་བཞིན་ཤས་ཆེ་བས། ང་ཚོས་ཡང་ནས་བསྐྱར་དུ་བཀླགས་ནས་དབྱེ་ཞིབ་ཟབ་མོ་བྱེད་དགོས། དཔེར་ན《ས་སྨྱུག་གི་རང་གཤིས》དང་།《རྔ་ཆེན་རོལ་དབྱངས》སོགས་དོན་གབ་པའི་རང་བཞིན་དུ་གནས་པས། སྔོན་ཚུད་ནས་སྙན་ངག་དེའི་མཚོན་དོན་དངོས་སམ། ཡང་ན་རྩོམ་པ་པོའི་ནང་བསམ་པའི་བརྩེ་སེམས། དེ་བཞིན་ཚིག་སྦྱོར་གྱི་ཁྱད་ཆོས་སོགས་ལ་དབྱེ་ཞིབ་བྱ་དགོས། དེས་ན་དགེ་རྒན་གྱིས་རྒྱུན་དུ་ཕུལ་བྱུང་གི་སྙན་ངག་བརྩམས་ཆོས་དང་། སྙན་ངག་བརྩམས་ཆོས་ཀྱི་དཔྱད་བརྗོད་ལ་ལྟ་ཀློག་དང་མྱོང་རོལ་གང་མང་བྱས་ཏེ་རྩོམ་ཡིག་སློབ་ཚན་གྱི་འཁྲིད་རྩལ་མཐོ་རུ་གཏོང་ཐབས་ལ་འབད་དགོས། ཡིག་ཚད་སྐབས་སུ་འདོན་པའི་རྩོམ་རིག་གི་ནང་དོན་ལ་དབྱེ་ཞིབ་བྱས་ན། ད་བར་ང་ཚོའི་བསླབ་གཞིར་སྙན་རྩོམ་དང་ལྷུག་རྩོམ་སོགས་མང་དག་བཀོད་ཡོད་ཀྱང་། ཡིག་རྒྱུགས་ཆེ་ཁག་ཏུ་སྤྱིར་ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་རྒྱུ་ཁོ་ན་འདོན་གྱི་ཡོད། དེས་ན་དགེ་རྒན་གྱིས་ཀྱང་དེ་ལ་དམིགས་ནས་རྟག་ཏུ་ཁ་བྱང་དུ་ཨ་མ་དང་དགེ་རྒན་སོགས་ཀྱི་རྩོམ་ཡིག་ཁོ་ན་འབྲི་རུ་འཇུག་པ་དང་། གང་དེར་ཞུ་དག་ཀྱང་ལེགས་པོ་ཞིག་མི་གཏོང་ལ། ཡང་སྒོས་སྐད་ཆའི་སྒྱུ་རྩལ་ལ་སྣང་འཇོག་བྱེད་མཁན་ཉིན་མོའི་སྐར་མའི་ཚུལ་དུས་སྣང་བས། སློབ་མའི་རྩོམ་འབྲིའི་ཧུར་སེམས་དང་སྐུལ་སློང་ཉམས་འགྲོ་གི་ཡོད། སྣང་ཚུལ་དེ་རིགས་སེལ་ཐབས་ནི་ང་ཚོས་རྒྱུན་དུ་རྩོམ་ཡིག་སློབ་ཚན་ཁྲིད་སྐབས་ཐབས་འདི་ལྟར་སྤྱད་ན་ཅུང་ཟད་ལེགས་སྙམ་ཏེ།

    གཅིག བརྗོད་བྱ་རྒྱ་ཆེན་པོ་མེད་པའི་སྐད་ཆའི་སྦྱོང་བརྡར་ལ་ཁྲིད་སྟོན་བྱ་དགོས།

    རྒྱུན་དུ་སློབ་མར་གཟའ་མཇུག་གམ་གུང་གསེང་གི་སྦྱངས་གཞི་བཀོད་སྒྲིག་བྱེད་སྐབས། རྩོམ་ཡིག་གི་བརྗོད་བྱ་རྒྱ་ཆེ་དྲགས་རྒྱུ་མེད་ལ། ཡིག་འབྲུ་ཁོ་ནར་གཙིགས་ཆེན་བྱས་ནའང་མི་འགྲིག དེས་མ་ཟད་སློབ་མའི་ཁྱད་ཆོས་དང་འཚམ་པའི་སྦྱོང་གཞི་བཀོད་སྒྲིག་བྱས་ན་ལེགས་ཏེ། སྙན་ངག་འབྲི་བར་དགའ་བར་སྙན་ངག་དང་། སྒྲུང་གཏམ་འབྲི་བར་དགའ་བར་སྒྲུང་གཏམ་སོགས་རྩོམ་ལུས་གཞན་ལ་རིགས་འགྲེ་བར་བྱས་ཏེ། སློབ་མའི་རྩོམ་འབྲིའི་དགའ་སྣང་དང་རྩོམ་འབྲིའི་ལྷན་སྐྱེས་ཀྱི་ཤེས་པར་སྣང་ཆེན་བྱེད་དགོས། དེའང་སློབ་མ་གང་དེས་འབྲི་འདོད་པའི་ནང་དོན་རྩོམ་ལུས་གང་རུང་གིས་མཚོན་དུ་འཇུག་པའམ། རིང་ཐུང་ཚད་དང་རན་པ་འབྲི་རུ་བཅུག་ན་ལེགས། གོང་གསལ་གྱི་རྨང་གཞིའི་འོག རྩོམ་ཡིག་གང་དེར་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་བཞིན་ཕྲད་དང་། དག་ཆ་མི་ནོར་བ་དང་། ལྷག་པར་དུ་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་ལ་སྣང་ཆེན་བྱེད་དགོས་པའི་རེ་བ་ནན་པོ་འདོན་དགོས། དེ་ལྟར་སློབ་དུས་གཅིག་གམ་གཉིས། ཡང་ན་ཉིན་ནས་ཟླ། ཟླ་ནས་ལོ་རྒྱུན་མཐུད་ན། སློབ་མའི་རྩོམ་རྩལ་ལེགས་སུ་འགྲོ་བར་དགེ་མཚན་མི་དམན་པ་ཐོན་ཐུབ། དེའང་དཔེར་ན། ང་རང་རྟག་ཏུ་སློབ་གྲྭ་ནས་ཁྱིམ་དུ་ལོག་སྐབས་ཁྱིམ་གྱི་སྒོ་ཁ་ན་ཞལ་རས་སྐྱ་འཚུབ་བེར་རྒྱང་ནས་ལྟ་བཞིན་བསུ་བར་ཕེབས་མཁན་ཨ་མ་ཡིན་ལ། རང་ཁྱིམ་ནས་གྱེས་ཏེ་སློབ་གྲྭར་སྐྱོད་སྐབས་ཁྱིམ་གྱི་སྒོ་ཁ་ན་བཞེངས་ཏེ་ཐག་རིང་གི་བར་དུ་མིག་གི་སྐྱེལ་མ་བྱེད་མཁན་ཡང་ཨ་མ་ཁོ་ན་ཡིན་ལྟ་བུར་མཚོན་ན་ཡིག་འབྲུ་ཉུང་ལ། ཚིག་དུམ་གཅིག་ལས་མེད་ཀྱང་། དེ་སློབ་མ་རང་གི་ཚོར་འདུ་དངོས་ལས་སྐྱེས་པའི་ཚིག་དོན་ཡིན་ན། བརྡ་སྤྲོད་པའི་གཞུང་དང་མཐུན་ལ། འཚོ་བ་དངོས་མཚོན་ནུས་ཆེ་བས། ཕྱིས་འབྱུང་རྩོམ་རྩལ་ལེགས་སུ་གཏོང་བའི་རྨང་གཞི་ལྡན་པས། དགེ་རྒན་གྱིས་ཁྲིད་སྟོན་དང་། མཛུབ་ཁྲིད། སྐུལ་ལྕག་གང་ལེགས་བྱེད་དགོས་པ་ལས། དེ་ཐུང་དང་འདི་ནོར་གྱི་དམོད་ཚིག་བོར་ན་རྩོམ་འབྲིའི་ཧུར་སེམས་ཞན་དུ་འགྲོ་སྲིད་པའོ།

    གཉིས། ཚིག་རྒྱན་རིག་པའི་ཤེས་བྱ་སློབ་ཁྲིད་བྱེད་སྐབས་རྩ་བའི་མཚན་ཉིད་དང་རྩ་བའི་དཔེར་བརྗོད་ངག་ཏུ་འཛིན་རྒྱུ་གལ་ཆེན་པོ་ཡིན།

    དེ་ཡང་སྙན་ངག་གི་རྩ་བའི་མཚན་ཉིད་དང་རྩ་བའི་དཔེར་བརྗོད་ཀྱི་སྤྱིའི་ནང་དོན་གོ་བ་ལོན་རྒྱུ་གཙོ་གནད་དུ་འཇོག་དགོས། བདག་ལྟར་ན་ཚིགས་བཅད་སྙན་ངག་འབྲི་སྦྱོང་བྱ་རྒྱུ་དེ་མཐོ་རིམ་སློབ་འབྲིང་གི་དུས་རིམ་ལ་ཅུང་འཚམ་པར་སྣང་། དམའ་རིམ་སློབ་འབྲིང་སྐབས་རྒྱན་གང་དེའི་གོ་དོན་ཤེས་ན་སློབ་མར་ཚིགས་བཅད་ཀྱི་ལམ་ནས་དེ་ལྟ་བུའི་དཔེར་བརྗོད་འབྲི་རུ་མ་བཅུག་པར་སྔོན་ལ་དོན་དེ་ལྟར་མཚོན་ཐུབ་པའི་སྤྱི་ཁོག་གམ་སྒྲོམ་གཞི་ཙམ་ཞིག་ཚིག་ལྷུག་ནས་འབྲི་རུ་འཇུག་དགོས། དེ་ལྟར་ཚིག་ལྷུག་ནས་བྲིས་པ་དེ་དག་ལ་རིམ་བཞིན་ལན་གཉིས་སམ་གསུམ་ཡན་གྱི་སྐད་ཆའི་སྒྱུ་རྩལ་ཁ་སྣོན་བྱེད་དུ་བཅུག་ན་ཅུང་ལེགས་སྙམ། དཔེར་ན། ཁྱོད་ཀྱི་གདོང་ནི་ཁྱོད་ཉིད་ལ། མཐོང་གི་ཟླ་བ་མཁའ་ལ་མཐོང་། དེ་གཉིས་ཁོ་ནས་ཐ་དད་དེ། གཞན་མེད་ཅེས་འདི་ཕུལ་བྱུང་དཔེ། ལྟ་བུར་སློབ་མར་དཔེར་བརྗོད་འགོད་དུ་འཇུག་སྐབས། སྔོན་ལ་ང་ཚོས་ཚིག་ལྷུག་གི་ཐོག་ནས་དཔེ་སྟོན་བྱས་ན་ཅུང་ལེགས། ཕོ་བྲང་པོ་ཏ་ལ་འདི་སའི་གོ་ལའི་ཐོག་ཏུ་གནས་པ་དང་ལྷ་ཡི་ཕོ་བྲང་དེ་ལྷ་ཡུལ་དུ་གནས་པ་ཙམ་ལས་དབྱེ་བ་གཞན་མ་མཆིས། ལྟ་བུ་ཚིག་ལྷུག་གི་ལམ་ནས་ཕུལ་བྱུང་དཔེ་ཞེས་པ་ལ་གོ་བ་དཔྱིས་ཕྱིན་པ་ལོན་དུ་བཅུག་ནས། ཁོང་ཚོར་དེ་དང་འདྲ་བའི་དཔེ་འགོད་དུ་འཇུག་དགོས་པ་མ་ཟད། སྐད་ཆའི་སྒྱུ་རྩལ་ལ་སྣང་ཆེན་བྱེད་དགོས།

    གསུམ། རང་མོས་སྙན་ངག་སློབ་ཁྲིད་བྱེད་ཐབས།

    རང་མོས་སྙན་ངག་སློབ་ཁྲིད་བྱེད་སྐབས། གོང་དུ་བཤད་པ་ལྟར་གབ་པའི་རྣམ་པ་ཅན་གྱི་སྒྱུ་རྩལ་གྱི་རྩོམ་ཐབས་ཤེས་སུ་འཇུག་དགོས་ལ། སྐད་བརྡ་བེད་སྤྱོད་དང་། ཚིག་གི་གཅོད་མཚམས་སོགས་ལ་དམིགས་སུ་བཀར་ནས་ཁྲིད་སྟོན་བྱེད་དགོས། ས་སྨྱུག་གི་རང་གཤིས་ལྟ་བུའི་སློབ་ཚན་འཁྲིད་ཟིན་རྗེས་ང་ཚོ་དགེ་རྒན་ནས་རྩོམ་པ་པོའི་ནང་བསམ་བློའི་བརྩེ་དུང་དང་། ཕྱིའི་ཚིག་སྦྱོར། རྩོམ་འབྲིའི་དམིགས་ཡུལ་དང་སྐུལ་སློང་སོགས་ལ་དབྱེ་ཞིབ་རྒྱས་ཤིང་རྒྱས་པ་བྱེད་དགོས་པ་དང་། མཇུག་མཐར་དགེ་རྒན་རང་ངོས་ནས་རྩོམ་ཐབས་དེ་འདྲ་བའི་དཔེ་མཚོན་སྟབས་བདེ་བྲིས་ན་ཕན་པ་ཆེ་སྙམ་མོ། དཔེར་ན། ས་སྨྱུག་གི་རང་གཤིས་ཞེས་པའི་སློབ་ཚན་ཁྲིད་ཟིན་རྗེས་དགེ་རྒན་ནས་མཇུག་མཐའི་སློབ་ཐུན་གཅིག་ཅེས་པའི་སློབ་ཚན་ལྟ་ཀློག་བྱས་པའི་མྱོང་བ་རང་མོས་སྙན་ངག་གི་ལམ་ནས་དཔེ་སྟོན་བྱས་ན། སློབ་མའི་རྩོམ་འབྲིའི་དགའ་སྣང་གསོ་བར་ཕན་པ་ཆེ་སྟེ། ཧྥུ་ལང་ཧྲེ། ཕུ་རུ་སེན་གྱི་དབང་དུ་འགྱུར་བའི་བྱིས་པ། ཆེས་ཐོག་མ་ན། བེམ་པོ་ཞིག་གི་རྣམ་ཤེས་ཇི་བཞིན། སློབ་བྱོལ་ལ་དགའ། རྣམ་གཡེང་ལ་དགའ། ཐ་ན་རང་སྐད་ཡིག་གི་བྱ་ཚིག་ཀྱང་སྦྱོར་མི་ཤེས། ཁྱོད་ལྟ་བུ་བརྒྱ་ཕྲག སྟོང་ཕྲག འབུམ་ཕྲག ཧྥུ་རན་སི་མགོ་བོ་དུད་པའི་དར་ཆ་དཀར་པོ་དེ་རེད་ཨང་། ལྟ་བུར་མཚོན་ན་སློབ་མས་དང་ལེན་བྱེད་སླ་བ་ཡིན་སྙམ་མོ།

    བཞི། གཏམ་དཔེ་དང་། དམངས་གཞས། ཚིག་རྒྱག་སོགས་དམངས་ཁྲོད་རྩོམ་རིག་ལྟ་རྒྱུར་སྐུལ་ལྕག་བྱེད་དགོས།

    དམངས་ཁྲོད་རྩོམ་རིག་ནི་ཚིག་སྦྱོར་གྱི་བང་མཛོད་ལྟ་བུ་ཡིན་པ་ཚང་མས་ཤེས་གསལ་རེད། ང་ཚོའི་བསླབ་གཞིར་ཡང་དམངས་གཞས་དང་། གཏམ་དཔེ། གཏམ་རྒྱུད་སོགས་བཀོད་ཡོད་མོད། སློབ་མས་ད་དུང་སློབ་ཕྱིའི་དམངས་ཁྲོད་དཔེ་དེབ་ལ་མང་ཙམ་བལྟས་ན། རྩོམ་འབྲིའི་ཚིག་སྦྱོར་ལ་ཕན་པ་ཤིན་ཏུ་ཆེ་སྟེ། དམངས་ཁྲོད་རྩོམ་རིག་གི་ཚིག་སྦྱོར་སྙན་ཞིང་འཇེབས་ལ། ནང་དོན་ཚེགས་མེད་དུ་རྟོགས་ཐུབ་པའི་ཁྱད་ཆོས་ལྡན་པས། ཀློག་མ་ཐག་ནས་ཀློག་འདོད་ཀྱི་བློ་སྐྱེ་ལ། ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་ནུས་སོ། ཡང་སྒོས་སློབ་མ་ཚོས་ཉམས་མྱོང་རྒན་པོའི་ས་ནས་ཡིག་ཐོག་ཏུ་མ་འཁོད་པའམ་ཡང་ན་དམངས་ཁྲོད་དུ་སིམ་པའི་སྐད་ཆའི་སྒྱུ་རྩལ(གཏམ་དཔེ་དང་། ཤོ་བཤད། ཆང་བཤད། ཇ་བཤད་སོགས)སྦྱོང་རྒྱུར་སྣང་ཆེན་བྱེད་པའི་གལ་ཆེའི་རང་བཞིན་ལ་ཁྲིད་སྟོན་ཡང་དག་བྱེད་དགོས། དཔེར་ན། སྤ་ཕྲུག་གཡོགས་གཡོགས་གཡོགས་བྱུང་། མཐུར་མགོ་བཤུས་བཤུས་བཤུས་བྱུང་། ཞེས་དང་ཡང་ན། དམངས་ཁྲོད་རྟའི་རྦད་ཀྱི་ཚིག་ཏུ། ངའི་མགོ་ལ་གྱོན་པའི་རྨོག་ཆེན་འདི། འདི་རྨོག་ཆེན་མ་རེད་གངས་དང་འདྲ། གངས་མགོ་ལ་གྱོན་པ་ང་ཙམ་ཡིན། ཟེར་བ་སོགས་སོ།

    མདོར་ན་བདག་གི་བསམ་ཚུལ་ལྟར་ན། རྩོམ་རིག་སྒྱུ་རྩལ་སློབ་ཁྲིད་བྱེད་པར་སྔོན་ལ་དགེ་རྒན་རང་ངོས་རྩོམ་རིག་ལ་དགའ་ཞེན་ཆེ་བ་དང་། རྩོམ་འབྲིའི་ལམ་དུ་འཇུག་པ། རྩོམ་ཡིག་ལ་མྱོང་རོལ་བྱེད་ཤེས་པ་བཅས་བྱུང་ན། གཡང་རྩེའི་སྒང་ལ་ཡས་སྒྲོན་གྱི་དཔེ་བཞིན་དུ་རྩོམ་འབྲིའི་སློབ་ཚན་ལ་ཕན་པ་བླ་ལྷག་ཐོན་ཐུབ་པ་དང་། སློབ་མར་ཆུང་ངུའི་དུས་ནས་རྣ་བར་སྙན་ཞིང་ཡིད་ལ་འཇགས་བདེ་བའི་སྐད་ཆའི་སྒྱུ་རྩལ་གང་མང་ངག་ལ་འཛིན་དུ་འཇུག་པ་དང་། དེ་བཞིན་རྟག་ཏུ་སློབ་མའི་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་ལ་ཡང་སྐོར་བསྐྱར་སྐོར་གྱིས་བཞུན་བརྡར་གཏོང་དུ་འཇུག་དགོས།

    (ལྷོ་ཁ་ས་ཁུལ་སློབ་ཆུང་དང་པོའི་དགེ་མིང་འཛིན་པ་དངོས་གྲུབ་སྒྲོལ་མས)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།