ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ལོ་གཉིས་ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད“ལྷ་སའི་ས་གཙང་”ཁེ་ལས་89ཡོད་པ་དེའི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་36.6ཟིན་པ་དང་ཐད་ཀའི་ལས་ཞུགས་ཁྲི་8.3དང་བར་བརྒྱུད་ལས་ཞུགས་ཁྲི་12.5ཟིན་ཡོད་པ་རེད། ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བ་དེས་གྲོང་ཁྱེར་ཡོངས་ཀྱི་ས་ཞིང་བརྒྱུད་བཤུག་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་བ་རེད།
2013ལོའི་ཟླ་བ་དགུ་པར་ལྷ་སས་བོད་དུ་སྔོན་ལ་ས་མཐོའི་སྐྱེ་ལྡན་ཞིང་འབྲོག་ལས་དེ་རྨང་གཞི་དང་སྔོན་ཐོན་ལག་རྩལ་སྒྱུར་བཀོད་དང་སྲོལ་རྒྱུན་ཐོན་ལས་མཐོར་གཏོང་བྱ་རྒྱུ་དེ་གཙོ་གནད་དུ་བྱས་ནས་ནུས་ཤུགས་ཡོད་རྒུས་ས་མཐོའི་སྐྱེ་ལྡན་ལྷད་མེད་བཟའ་བཅའ་དང་། ས་མཐོའི་སྐྱེ་ལྡན་ཐོན་རྫས། ས་མཐོའི་འཕྲོད་སྦྱོར་སྨན་རྫས། སེམས་ཁམས་རོལ་རྩེད་ཡུལ་སྐོར་ཐོན་ལས་སོགས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་བསྲེས་བྱེད་པའི་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་བཏོན་པ་རེད།
ཆུ་ཤུར་རྫོང་ནི་ཁག་དང་པོའི་རྒྱལ་ཁབ་རིམ་པའི་ཞིང་ལས་སྒྱུར་བཅོས་ཚོད་ལྟའི་རྫོང་དང་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་རེད་ལ། ལྷ་ས་གྲོང་ཁྱེར་གྱི་ས་གཙང་བདེ་ཐང་ཐོན་ལས་སྔོན་སྐྱོད་ཁུལ་ཡང་ཡིན་པ་དེ་ད་ཆ་བོད་དུ་སྐད་གྲགས་ཆོད་པའི་སྨན་རྩྭ་མཱ་ཁ་འདེབས་འཛུགས་རྟེན་གཞིར་གྱུར་ཞིང་། ལྷ་སར་སྨན་རྩྭ་མཱ་ཁ་བཏབ་པའི་ས་ཞིང་མུའུ་ཁྲི་1.5ཡོད་པ་དེའི་ནང་ཆུ་ཤུར་རྫོང་ཁོ་ནར་མུའུ་ཁྲི་1.2ཡོད་པ་དང་ཆུ་ཤུར་གྱི་ཞིང་པ་མི་ཉུང་བ་སྨན་རྩྭ་མཱ་ཁར་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་པ་རེད།
ཆུ་ཤུར་རྫོང་ཚལ་སྣེ་ཤང་ཏང་ཨུད་ཧྲུའུ་ཅི་ཟླ་བ་ཚེ་རིང་གིས། ནས་མུའུ་གཅིག་བཏབ་པར་ཐོན་ཚད་མང་ན་རྒྱ་མ་800ཙམ་རེད། རིན་གོང་མཐོ་ཤོས་ལྟར་བརྩིས་བརྒྱབ་ན་ས་བོན་དང་རྫས་ལུད་སོགས་ཀྱི་མ་གནས་ཕུད་ཡོང་འབབ་ཁེར་གཙང་སྒོར་1000ལྷག་ཙམ་ལས་མེད། སྨན་རྩྭ་མཱ་ཁ་མུའུ་གཅིག་བཏབ་པར་ཡོང་འབབ་སྒོར་ཁྲི་ལྷག་ཙམ་ཡོད་པ་དེ་ནས་བཏབ་པའི་ལྡབ་10ལྷག་ཙམ་རེད་ཅེས་བཤད། “འདེབས་འཛུགས་བྱེད་རིང་ལྕི་བ་དང་རིལ་མ་ཕུད་རྫས་ལུད་དང་རྩྭ་འགེམས་སྨན་རྫས་གང་ཡང་བེད་སྤྱོད་གཏོང་དགོས་ཀྱི་མེད”ཅེས་ཟླ་བ་ཚེ་རིང་གིས་བཤད།
ལྷ་ས་ས་གཙང་ཀུང་སིའི་ཏུང་ཧྲི་ཀྲང་ཚུའེ་ཡུང་ཀང་གིས། ཐོག་མར་སྨན་རྩྭ་མཱ་ཁ་སོགས་ས་གཙང་ཐོན་ལས་དཔལ་འབྱོར་སྐྱེ་དངོས་ནང་འདྲེན་བྱེད་སྐབས་མི་སེར་རྣམས་འདོད་པ་དེ་ཙམ་བྱེད་ཀྱི་མེད་པ་དེ་ནི་གཅིག་ནས་ལག་རྩལ་མ་ཤེས་པ་དང་གཉིས་ནས་ཕྱིར་ཚོང་ཐད་སེམས་ཁྲལ་ཡོད་པས་རེད། ལོ་གཉིས་ནང་དཔྱད་བསྡུར་བྱས་པ་བརྒྱུད་ད་ཆ་རྒུན་འབྲུམ་དང་ཁམ་བུ་སོགས་སྐྱེ་དངོས་འདེབས་འཛུགས་བྱེད་པའི་ཞིང་པའི་ཧུར་བརྩོན་རང་བཞིན་ཧ་ཅང་ཆེན་པོ་འདུག་ཅེས་བཤད།
བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཉི་མ་བཀྲ་ཤིས་ཀྱིས། ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་སྐབས་ས་མཐོའི་སྣོད་བཅུད་ཀྱི་དངོས་ཡོད་དང་རྒྱལ་ཡོངས་ཀྱི་ཐོན་ནུས་གྲུབ་ཆ་ལེགས་སྒྲིག་དང་། དེ་བཞིན་བདེ་འཇགས་བཟའ་བཅའི་ཐད་ཀྱི་འཛད་སྤྱོད་པའི་དགོས་མཁོར་གཞི་བཙུགས་པས་འཕེལ་རྒྱས་གཏོང་བའི་མངོན་མིན་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།