དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་གཏོང་ཐབས་སྐོར་ཅུང་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-13

    “ལོ་བརྒྱའི་ཇུས་ཆེན་སློབ་གསོར་ཐུག”ཅེས་པ་ལྟར་སྤྱི་ཚོགས་ཀྱི་ལས་རིགས་ཁག་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་ཤེས་ཡོན་ཅན་གང་བཟང་གང་མང་གསོ་སྐྱོང་བྱས་ཏེ། ཁོང་ཚོས་ཤེས་ཡོན་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་ལེགས་སྐྱེས་འབུལ་དུ་བཅུག་རྒྱུ་ནི་བསྙོན་དུ་མེད་པའི་གནས་ལུགས་ཤིག་ཡིན་པས་ལགས་ན། སྤྱི་ཚོགས་འཕེལ་རྒྱས་ལ་མཁོ་བའི་ཤེས་ཡོན་ཅན་དེ་དག་གསོ་སྐྱོང་བྱེད་པར་སློབ་སྒོ་འགྲིམས་ནས་ཤེས་བྱ་རིག་གནས་སྦྱོང་རྒྱུ་ལས་མ་འདས་པས། སློབ་གྲྭ་ཁག་གི་དོ་དམ་པ་དང་། སློབ་ཁྲིད་པ། སློབ་མ་བཅས་ཀྱིས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་རྒྱུའི་ཐབས་ལ་སྤྱི་མོས་སུ་འབད་དགོས་པ་གལ་ཆེར་མཐོང་བས། གཤམ་དུ་རང་ཉིད་ཀྱི་མྱོང་བ་ཅུང་ཟད་གླེང་བར་འདོད་པ་སྟེ།

    ༡. དགེ་རྒན་གྱིས་སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་ཡོད་དགོས་པ།

    སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་གཏོང་དགོས་ན་དགེ་རྒན་རང་ཉིད་ཀྱི་སྤྱོད་ཡོན་ལ་རག་ལས་ཡོད། གང་ལགས་ཤེ་ན། ཐོག་མར་དགེ་རྒན་རང་ཉིད་ལ་རིག་གནས་ཆུ་ཚད་མཐོ་པོ་ཡོད་པའི་རྨང་གཞིའི་ཐོག་ལས་གནས་ལ་དགའ་ཞེན་དང་སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་ཡོད་དགོས་པ་དེ་དང་ཆབས་ཅིག སློབ་མས་སློབ་སྦྱོང་བྱེད་འདོད་དང་ཁྱིམ་བདག་གིས་རྒྱབ་སྐྱོར་དགོས་པ་ཡང་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་བ་སྨོས་ཅི་དགོས།

    ༢. སློབ་མའི་བསམ་གཞིག་ནུས་པ་སྐྱེད་སྲིང་དགོས་པ།

    1.སློབ་ཁྲིད་སྐབས་སུ་སློབ་མ་རྣམས་ལ་བྱམས་སྐྱོང་དང་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་གང་མང་རྒྱག་རྒྱུ་མ་ཟད། དུས་རྒྱུན་དུ་ཁྱིམ་བདག་དང་ཟུང་འབྲེལ་བྱས་ཏེ་སློབ་མའི་གཤིས་རྒྱུད་ལ་རྒྱུས་མངའ་དང་ཡོན་ཚད་ཇི་ཙམ་ཡོད་པ་རྟོགས་ཐུབ་པ་བྱས་ནས། སློབ་ཁྲིད་བྱེད་དུས་དང་ཐོག་དགེ་རྒན་གྱིས་ཁྲིད་རྐྱང་དང་སློབ་མས་ཉན་རྐྱང་གི་ཐབས་ལམ་རྙིང་པ་དོར་ཏེ་སློབ་མ་རྣམས་ལ་བསམ་གཞིག་གི་ནུས་པ་སྐྱེད་སྲིང་གི་གོ་སྐབས་མང་ཙམ་སྤྲད་དེ། སློབ་སྦྱོང་ལ་སྤྲོ་བ་འཕེལ་ཐབས་བྱེད་དགོས་པ་མ་ཟད། རྒྱུ་མ་ཕུ་འདེད་ལྟ་བུའི་སློབ་ཁྲིད་བྱེད་ཐབས་དོར་ནས་གོ་བསྐོན་བློ་འགུགས་ཀྱི་བྱ་ཐབས་མང་ཙམ་སྤེལ་ཐོག་སློབ་སྦྱོང་གི་སྤུས་ཚད་གོང་མཐོར་གཏོང་རྒྱུའི་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱ་དགོས་པ་གལ་ཅེ་སྙམ།

    2.སློབ་ཁྲིད་སྐབས་སྔོན་དུ་སློབ་མ་རང་ཉིད་ལ་བསམ་གཞིག་བྱེད་དུ་བཅུག་རྒྱུ་དང་དེ་ནས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་དུ་བཅུག་ནས་སློབ་མའི་གྲོས་བསྡུར་གྱི་སྙིང་པོ་ཚོགས་ཆུང་གི་འཐུས་མི་རེ་ནས་ལན་འདེབས་སུ་བཅུག་པ་དང་དེ་འཕྲལ་དགེ་རྒན་གྱི་མཛུབ་ཁྲིད་འོག་ཏུ་འགྲིག་མིན་ཤན་འབྱེད་བྱེད་དུ་བཅུག་ན་སློབ་སྦྱོང་གི་སྤུས་ཚད་རིམ་བཞིན་ཡར་རྒྱས་འགྲོ་ངེས་ཡིན།

    3.དུས་རབས་གསར་པའི་ཤེས་བྱ་གསར་པ་སྣ་ཚོགས་ཁོང་དུ་ཆུད་ཕྱིར། རྟག་ཏུ་སློབ་མ་རྣམས་ཀྱིས་བརྩོན་འགྲུས་ལ་བརྟེན་ནས་ཤེས་བྱའི་གནས་ལ་རང་འགུལ་དང་རང་རྐྱ་འཕེར་བའི་སྦྱངས་པ་རྒྱུན་བསྲིང་ཐུབ་པ་བྱ་རྒྱུ་ནི་སློབ་མའི་ཤེས་ཚད་གོང་མཐོར་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་ལ་གལ་འགངས་ཆེ་ལ་དཀའ་ཚེགས་ཆེ་བའི་འོས་འགན་ཞིག་ཀྱང་རེད།

    ༣. སློབ་མའི་སྦྱོང་འདོད་ཀྱི་བསམ་པ་སྐྱེད་སྲིང་བྱེད་དགོས།

    སློབ་མ་རྣམས་ལ་བཙན་ཤེད་དང་ཨུ་ཚུགས་ངང་བཀའ་འབེབས་རང་བཞིན་གྱི་སློབ་ཁྲིད་བྱེད་སྟངས་དེས་སློབ་མས་སློབ་སྦྱོང་གི་དམིགས་ཡུལ་གསལ་རྟོགས་མི་ཐུབ་པ་དང་། ཐ་ན་ཁོ་ཚོས་དེ་ནི་མ་སྒྲུབ་ཀ་མེད་ཀྱི་ལས་འགན་ཁོ་ནར་བརྩིས་ཏེ་ལས་འགན་དེ་ལེགས་སྒྲུབ་བྱེད་པ་ཙམ་ལས་སློབ་སྦྱོང་ཡར་རྒྱས་ཡོང་ཐབས་ཀྱི་བསམ་པ་ག་ནས་ཡོང་། དེར་བརྟེན་སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་གསལ་པོ་རྟོགས་ནས་། སློབ་སྦྱོང་བྱ་རྒྱུར་དགའ་བའི་བསམ་པ་སྐྱེ་ཐུབ་པ་ཡོང་ཕྱིར། དགེ་བའི་བཤེས་གཉེན་རྣམ་པས་སློབ་མའི་སེམས་ཁོངས་སུ་སློབ་སྦྱོང་བྱས་ཏེ་ཡར་རྒྱས་ཡོང་ཐབས་དང་རང་འགུལ་ངང་སློབ་སྦྱོང་གི་གོམས་གཤིས་འཇགས་པ་བྱེད་པའི་ཐབས་ལམ་སྣ་ཚོགས་སྤྱད་དེ། སློབ་མ་རྣམས་ཀྱིས་སྦྱོང་བྱའི་གཞུང་རྣམས་ལ་དད་པ་དང་ཡིད་མོས་ཀྱི་བསམ་པ་སྐྱེད་སྲིང་བྱ་རྒྱུ་ནི་དཔེར་ན། འཁྲབ་ཚན་ལྟ་བུར་མཚོན་ན་ལྟད་མོ་བར་ལྟ་བ་གཅིག་མཚུངས་ཡོང་མི་སྲིད་པར་རང་གི་ལྟ་མོས་པའི་ཕྱོགས་ཀྱི་རྣམ་པ་ཇི་སྙེད་ཅིག་ཡོང་སྲིད་པ་བཞིན་སློབ་མ་རྣམས་ལ་ཡང་སློབ་ཁྲིད་བྱེད་མཁན་གྱིས་ཐབས་རྩལ་འདོན་མཁས་མིན་ལ་བརྟེན་ནས་སྦྱོང་བྱའི་གཞུང་ལ་སྦྱོང་འདོད་དང་མི་འདོད་པའི་ཁྱད་པར་མཆིས་པས་དང་ཐོག་དགེ་རྒན་རང་ཉིད་ནས་སློབ་མ་རྣམས་ཀྱི་བློ་འགུགས་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་ཡིན་འདུག་པ་སྙམ།

    ༤. སློབ་མའི་བློ་སྒོ་འབྱེད་ཐུབ་པ་དགོས་པ།

    སློབ་ཁྲིད་སྐབས་སློབ་མའི་བློ་སྒོ་འབྱེད་པའི་ཐབས་ཤེས་ཡག་པོ་ཞིག་འཚོལ་ཐུབ་པ་བྱས་ནས་ཁོ་ཚོར་དབྱེ་འབྱེད་དང་ཞིབ་འཇུག འཚོལ་བསྡུ། དཔྱད་བསྡུར་སོགས་ཀྱི་དབང་ཆ་མ་ལུས་རྩིས་སྤྲོད་ཐུབ་པ་བྱ་དགོས་པ་ལས་དགེ་རྒན་གྱིས་སློབ་མའི་བྱ་སྤྱོད་ལ་བཀོད་སྒྲོག་དང་ཁ་ལོ་ཡོངས་སུ་བསྒྱུར་མཁན་ཞིག་བྱེད་མི་རུང་།

    དེར་བརྟེན་སློབ་ཁྲིད་སྐབས་དགེ་རྒན་གྱི་ཁྲིད་སྟོན་འོག་སློབ་མ་རྣམས་ལ་དབྱེ་ཞིབ་དང་འཚོལ་དཔྱད་སོགས་ཀྱི་གོ་སྐབས་གང་མང་སྤྲད་ནས། སློབ་ཕྲུག་གཙོ་བོར་འཛིན་པའི་སློབ་ཁྲིད་བྱས་ཚེ་གཞི་ནས་སློབ་མ་ཚོས་གཏམ་ཉན་ཤེས་པ་དང་བཤད་ཕོད་པ། འབྲི་ཐུབ་པ་བཅས་ཀྱི་ཐད་རང་རྐྱ་འཕེར་བའི་སྒོ་ནས་དྲི་བར་གོ་བ་ལེན་པ་དང་ལེན་འདེབས་ཐུབ་པའི་བསམ་གཞིག་གི་ནུས་རྩལ་འདོན་སྤེལ་བྱེད་པའི་བློ་སྒོ་འབྱེད་ཐུབ་པ་ཡོང་བ་སྙམ།

    མདོར་ན། སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་གཏོང་དགོས་ན། དགེ་བའི་བཤེས་གཉེན་རྣམས་ཀྱིས་སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་ཡོད་དགོས་པ་དང་ཕྱོགས་མཚུངས། བསླབ་གཞི་གསར་པ་དང་བྱང་ཚད་སློབ་གསོར་ཁ་ཕྱོགས་ནས་སློབ་མའི་སེམས་ཁམས་དང་། རིག་སྟོབས། ལུས་ཁམས་སོགས་ལ་དོ་ཁུར་བྱས་ཏེ་སློབ་མས་སློབ་སྦྱོང་ལ་སྤྲོ་སྣང་བྱེད་པ་དང་བསམ་གཞིག་བྱེད་པའི་གོམས་གཤིས་དང་ནུས་རྩལ་ཆེ་ཞིང་ཡ་རབས་སྤྱོད་བཟང་ལྡན་ལ། རྒྱང་རིང་གི་ཕུགས་བསམ་ཡོད་པའི་མི་གསར་གསོ་སྐྱོང་བྱེད་པར་འབད་པ་ཆུ་མོའི་རྒྱུན་བཞིན་སྐྱོང་དགོས་པ་གལ་ཆེ་བར་སྙམ་མོ།

    (སྦྲ་ཆེན་རྫོང་ཆ་ཚང་སློབ་ཆུང་གི་གཡུ་མོ་མཚོ་ནས)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།