བྱ་བ་གང་ཞིག་སྒྲུབ་འདོད་པ་དེར་འབད་བརྩོན་དང་དེ་སྒྲུབ་པའི་སྤྲོ་སྣང་འཕེལ་ཐབས་བྱ་རྒྱུ་ནི་ཐབས་ཤེས་ཡག་ཤོས་ཤིག་རེད། དེ་ཡང་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱ་རྒྱུ་དེ་ནི་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་མཐོ་རུ་གཏོང་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད་པས་དགེ་རྒན་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱེད་དགོས།
གཅིག རྒྱུན་དུ་སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་དེ་ཐབས་ཤེས་རྐྱང་པ་ཁོ་ན་སྤྱོད་རྒྱུ་སྤོང་དགོས།
དུས་ཡུན་རིང་པོ་ཞིག་གི་རིང་། སློབ་ཁྲིད་ཀྱི་ཐབས་ལམ་གཅིག་ཁོ་ན་སྤྱོད་པ་དེ་ངེས་པར་དུ་འདོར་ནས་སློབ་མས་དགའ་པོ་བྱེད་པའི་དེང་རབས་ཀྱི་སློབ་ཆས་སྤྱད་དེ་ཁོ་ཚོའི་བསམ་བློ་དེ་སློབ་སྦྱོང་ཙམ་མ་ཟད། ལས་སློབ་གང་ཅིར་བསམ་རྒྱ་ཆེ་རུ་གཏོང་རྒྱུ་དེ་གལ་འགངས་ཆེ་བའི་ཐབས་ལམ་དུ་བྱས་ཏེ་སློབ་མའི་ཕྱོགས་གང་ཅིའི་ཐད་ནས་འཚར་ལོངས་ཡོང་བ་བྱེད་དགོས་པ་དེ་ནི་ཇི་སྐད་དུ། “ཁམས་དང་མཐུན་པའི་ཟས་ཤིག་སྟེར”ཞེས་པ་ལྟར་རང་སོ་སོའི་སྤྲོ་སྣང་འཕེལ་བའི་ཐབས་ལམ་སྤྱོད་དགོས་པ་དེ་ཡིན། དེ་ཡང་དགེ་རྒན་ཁ་ཤས་རང་ཉིད་ཀྱི་ཡོན་ཚད་དེ་ཙམ་མཐོ་པོ་མེད་རུང་དེས་ཁྲིད་པའི་སློབ་ཕྲུག་གི་སྦྱངས་འབྲས་དེ་རང་ལས་ཤེས་ཡོན་ཆེ་བའི་དགེ་རྒན་ལས་བརྒལ་གྱི་ཡོད་པ་རེད། དེའི་ཐོག་ནས་སློབ་ཚན་ཁྲིད་མཁས་པ་ཞེས་པ་དེ་ཤེས་ཡོན་དེ་ཙམ་ཆེན་པོ་མེད་རུང་དེས་སློབ་མར་རང་གི་ཕོ་བས་འཇུ་ཐུབ་པའི་ལྟོ་སྟེར་བ་དང་གཉིས་སུ་མ་མཆིས། དཔེར་ན། སློབ་ཆུང་ལོ་རིམ་གསུམ་པའི་ཀློག་དེབ་སྟོད་ཆའི་ནང་གི་གཏམ་རྒྱུད་ཁག་གཉིས་ཞེས་པའི་སློབ་ཚན་དེ་ཁྲིད་རྗེས་སྦྱོང་གཞིའི་ནང་དུ་སློབ་ཚན་ཧྲིལ་པོ་བློ་རུ་ངེས་དགོས་པའི་རེ་བ་བཏོན་ཡོད། དེ་ནི་སྦྱོང་ཚན་སྒྲུབ་པར་དཀའ་བ་ཞིག་རེད། དགེ་རྒན་ཕྱོགས་ནས་སློབ་ཚན་དེ་ཁྲིད་ཟིན་རྗེས་སློབ་མ་རྣམས་ཚོགས་ཆུང་དུ་བགོས་ནས་དེ་ཟློས་གར་གྱི་འཁྲབ་ཚན་དུ་བསྒྱུར་ནས་འཁྲབ་ཏུ་བཅུག་པ་དང་དེ་ནས་དུས་ཚོད་ངེས་ཅན་ཞིག་གི་རྗེས་སུ་ཚོགས་ཆུང་སོ་སོས་ནང་སྦྱོང་བྱས་པའི་ནང་དོན་དེ་དག་མཉམ་དུ་འཁྲབ་སྟོན་བྱས་མཐར་སློབ་མས་སློབ་ཚན་དེ་བདེ་བླག་ངང་ཁོང་དུ་ཆུད་པ་བྱ་དགོས་པ་མ་ཟད། སྦྱོང་གཞིའི་རེ་བ་བཞིན་བློར་ངེས་པ་བྱས་ཐོག སྦྱོང་ཚན་དེ་སྤྲོ་སྣང་ལྡན་པའི་ཁོར་ཡུག་གི་འོག་ཏུ་ལེགས་གྲུབ་དང་སློབ་ཁྲིད་ཀྱི་དམིགས་རེ་ཡང་སྒྲུབ་པ་བྱ་དགོས།
གཉིས། དེང་རབས་ཀྱི་སྨྱན་སྦྱོར་སྒྲིག་ཆས་སློབ་་ཁང་དུ་སྒྲིག་སྦྱོར་བྱས་ནས་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
དེ་ཡང་སྨྱན་སྦྱོར་ལ་ལྡན་པའི་ཁྱད་ཡོན་ཏེ་པར་རིས་སྟོན་པ་དང་། སྒྲ་དབྱངས་ཡོད་པ། འགུལ་རིས་སྟོན་པ་སོགས་ཀྱིས་སློབ་མའི་བློ་སེམས་འགུགས་རྒྱུར་ནུས་པ་ཤིན་ཏུ་ཆེན་པོ་ལྡན་ཡོད། དགེ་རྒན་ཕྱོགས་ནས་སློབ་ཁྲིད་དུ་མཁོ་བའི་པར་རིས་དང་། རོལ་དབྱངས། ཚོན་མདངས་སྣ་ཚོགས་ཀྱི་པར་ངོས། འགུལ་རིས་སོགས་སྔོན་ཚུད་ནས་སྟ་གོན་གང་ལེགས་ཀྱིས་སློབ་ཁྲིད་བྱེད་པའི་བརྒྱུད་ཕྲིན་ནང་ཁྱབ་པ་བྱེད་དགོས། སློབ་མ་ནི་གསར་ཐོན་ལག་རྩལ་ལམ་བྱ་དངོས་གསར་པར་དང་ལེན་བྱེད་རྒྱུ་དང་། ཤེས་རྟོགས་བྱེད་རྒྱུ། ཁོང་དུ་ཆུད་པ་བྱེད་རྒྱུ། བེད་སྤྱོད་བྱེད་རྒྱུ་བཅས་ལ་དགའ་བ་ཤ་སྟག་ཡིན་པས། དེར་བརྟེན་དེའི་སེམས་ཁམས་བེད་སྤྱོད་གང་ལེགས་བྱས་ཏེ་རང་ལ་དགོས་པའི་ཤེས་ཡོན་དག་ཐབས་ཚུལ་གསར་པའི་ཐོག་ནས་ངོ་སྤྲོད་དང་ཤེས་རྟོགས་ཐུབ་བྱ་རྒྱུར་བརྩོན་དགོས། དེས་མ་ཚད་སློབ་མའི་སློབ་སྦྱོང་བྱེད་པའི་ནུས་པ་འཕེལ་ཐུབ་པ་བྱེད་རྒྱུར་ཡང་སྐུལ་སྤེལ་གཏོང་གང་ཐུབ་བྱེད་དགོས། བྱ་ཐབས་དེ་རིགས་ནི་སློབ་མའི་སེམས་ཁམས་དང་ཡོངས་སུ་མཐུན་ཞིང་རང་ཉིད་ཀྱིས་ཀྱང་དེ་རིགས་ལ་བརྩོན་པས་ཤེས་གང་ཐུབ་དང་རང་གིས་འཇོན་ཐང་གང་ཡོད་བཏོན་ནས་སློབ་ཚན་དེ་དང་འབྲེལ་བའི་ཤེས་བྱ་ཁོང་དུ་ཆུད་པ་བྱེད་རྒྱུ་རེད། དེ་ཡང་སློབ་ཚན《རྩྭ་ཐང》དང《མུ་ཟི་ཚོང་མཁན་གྱི་བུ་མོ་ཆུང་ཆུང》ཞེས་པ་དེ་སློབ་ཁྲིད་བྱེད་སྐབས་གོང་གི་ཐབས་ལམ་དེ་རིགས་བེད་སྤྱོད་བྱས་ཏེ་སློབ་མས་སློབ་ཚན་གྱི་ནང་དོན་ལ་གཞིགས་ཏེ་རང་ཉིད་ཀྱིས་ལག་པ་སྒུལ་ནས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཆེ་མོ་རི་མོར་འབྲི་བ་དང་མུ་ཟི་ཚོང་མཁན་བུ་མོ་ཆུང་ཆུང་གི་ཉམས་ཐག་པའི་མྱོང་ཚོར་ཤོག་ཐོག་ཏུ་ཕབ་འབྲི་བྱས་པ་དེའི་ཐོག་ནས་སློབ་མས་སློབ་ཚན་གྱི་ནང་དོན་རྡོ་ལ་རི་མོ་བརྐོས་པ་ལྟར་ཁོང་དུ་ཆུད་པ་དེ་ཡིན།
གསུམ། སློབ་མར་བསྟོད་བསྔགས་གཏོང་བའི་ཐབས་ཤེས་བེད་སྤྱོད་གང་ལེགས་བྱེད་དགོས།
དགེ་རྒན་གྱིས་སློབ་མའི་སེམས་ཁམས་དང་མཐུན་པའི་སྒོ་ནས་བསྟོད་བསྔགས་ཀྱི་ཚིག་དོན་གང་མང་སྤྱད་དེ་དེའི་སློབ་སྦྱོང་གི་ངར་ཤུགས་འཕེལ་གང་ཐུབ་བྱེད་དགོས། གང་ལགས་ཤེ་ན། སྤྱིར་སྐྱེ་བོ་སུ་ཞིག་ཡིན་རུང་བསྟོད་ན་དགའ་བ་དང་སྨད་ན་མི་དགའ་བའི་སྣང་ཚུལ་མངོན་གྱི་ཡོད། དེར་བརྟེན་སྦྱངས་འབྲས་ཅུང་ཞན་པའི་སློབ་མའི་རིགས་ལ་བསྔགས་བརྗོད་བྱེད་པའི་ཐབས་ཤེས་དེར་ནུས་པ་ཤིན་ཏུ་ཆེན་པོ་ལྡན་ཡོད། མདའ་མོ་འབེན་ལ་མ་ཕོག་ཀྱང་མདའ་མོ་འཕེན་ཤེས་ཙམ་དང་མདའ་གཞུ་བཟུང་ཤེས་པ་ཙམ་ལྟ་བུའི་སློབ་སྦྱོང་གི་སྦྱངས་འབྲས་ཅུང་ཞན་ཙམ་ཡིན་པའི་སློབ་མས་དྲི་བ་དྲི་ལན་གྱི་སྐོར་ལན་རྒྱག་སྐབས་ལན་ཅུང་ཟད་ཙམ་རྒྱག་ཐུབ་པ་དེར་བསྔགས་བརྗོད་མེ་ཏོག་གཏོར་བ་དེས་ཕྱིས་སུ་སློབ་ཁྲིད་ཀྱི་སྐབས་སུ་སྣང་བ་སྤུ་ཙམ་ཡང་མ་གཡེང་བར་སློབ་ཁྲིད་ཀྱི་ཐོག་ཏུ་འཇོག་ཐུབ་པ་དང་ལན་གང་མང་རྒྱག་གང་ཐུབ་བྱེད་ཅིང་། དགེ་རྒན་ཕྱོགས་ནས་དེར་གོ་སྐབས་མང་ཙམ་སྤྲད་པ་ཡིན་ན་དེའི་སློབ་སྦྱོང་བྱེད་པའི་སྤྲོ་སྣང་འཕེལ་ཐུབ། དེ་ཡང་རང་ལ་དགོས་པའི་ཡོན་ཏན་དེ། ཉི་མ་རེ་ལ་ཚིག་རེ་བཟུང་། གང་ཞིག་ཉིན་བརྒྱ་སོང་བ་ན། ཚིག་བརྒྱ་མ་ལུས་ཁོང་དུ་ཆུད་ཅེས་པའི་དོན་དེ་དངོས་སུ་སློབ་མའི་ལུས་ཐོག་ཏུ་འབབ་པར་གདོན་མི་ཟ།
མདོར་ན། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐུབ་པ་དང་སློབ་མའི་སློབ་སྦྱོང་གི་བརྩོན་སེམས་ཆེ་རུ་གཏོང་རྒྱུ་ནི་སྦྱངས་འབྲས་མཐར་སོན་ཡོང་རྒྱུར་འགན་ལེན་བྱེད་པ་ཞིག་ཡིན་སྙམ་མོ།
(ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དགེ་རྒན་མཚམས)