ཇི་སྐད་དུ་ཨ་ལག་ཤ་ངག་དབང་བསྟན་དར་མཆོག་ནས། རྩོད་ལ་མཁས་ཀྱང་རྩོམ་ཚུལ་མ་ཤེས་ན། ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན་ཞེས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས། རྩོམ་ལ་མཁས་པ་ནི་མཁས་པའི་ཚད་གཞི་འཇལ་བྱེད་ཀྱི་རྒྱུ་གཙོ་བོར་གསུངས་པས། རྒྱུ་མཚན་དེ་ཡི་ཕྱིར་རྩོམ་འབྲིའི་ལས་ལ་ཞུགས་རྒྱུ་ནི་གལ་འགངས་ཆེན་པོར་མངོན་ལ། ལྷག་པར་དུ་མཐོ་འབྲིང་སློབ་མ་ཞིག་གི་ངོས་ནས་བརྗོད་ན། རྩོམ་ཡིག་འབྲི་སྦྱོང་ལ་ཤུགས་སྣོན་བྱ་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཆེ་བ་ཞིག་ཡིན་སྟབས། དེང་སྐབས་མཐོ་འབྲིང་སློབ་མའི་ཁྲོད་རྩོམ་ཡིག་འབྲི་མི་ཤེས་པའམ་རྩོམ་འབྲིའི་ནུས་རྩལ་དམའ་བའི་སྣང་ཚུལ་བསལ་ཆེད། འདིར་ཁོ་མོས་ཀྱང་སློབ་ཁྲིད་ཇི་ལྟར་བྱས་ཚེ། མཐོ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་རྩལ་གོང་མཐོར་གཏོང་ཐུབ་མིན་ཐད་ལ་རང་ཉིད་ཀྱི་འདོད་ཚུལ་ཅུང་ཟད་གླེང་བར་བྱ།
དང་པོ། སློབ་མས་རྩོམ་ཡིག་འབྲི་བའི་དམིགས་ཡུལ་གསལ་རྟོགས་བྱེད་དགོས།
སློབ་མའི་རྩོམ་འབྲིའི་ཁྲོད་ཡིག་རྒྱུགས་ཀྱི་སྐར་གྲངས་གཙིགས་ཆེར་བཟུང་ནས། ཡིག་རྒྱུགས་ལ་ཁ་གཏད་གཅོག་ཐབས་ཀྱིས་རྩོམ་ཡིག་བཤུ་འབྲི་དང་། ལད་ཟློས་ཁོ་ན་བྱ་རྒྱུ་དེ་རྒྱུན་འབྱམས་སུ་གྱུར་ནས། འཚོ་བ་དངོས་ལ་ཟབ་འཇུག་དང་། བསམ་བློ་ཞིབ་ཕྲ་མ་བཏང་བར་ཧ་རེ་ཧུ་རེའི་ངང་རྟ་ཕོ་ཐང་ལ་རྒྱུགས་པ་བཞིན་གང་མགྱོགས་བྲིས་ནས། རྩོམ་འབྲིའི་ནང་དོན་དེ་ཁྲལ་ལྟ་བུར་བརྩི་བ་དང་། རྩོམ་ཡིག་འབྲི་སྐབས་རྒྱུ་ཆ་མི་འདང་བ། དེ་བས་རྩོམ་ཡིག་ནི་རང་ཉིད་ཀྱི་འཚོ་བ་དངོས་དང་འབྲེལ་བ་དེ་ཙམ་མེད་པར་ངོས་འཛིན་ནས། རྩོམ་ཡིག་འབྲི་རྒྱུར་བསུན་སྣང་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི། སློབ་མས་རྩོམ་འབྲིའི་དམིགས་ཡུལ་གསལ་རྟོགས་མེད་པའི་རྐྱེན་གྱིས་ཡིན། སློབ་མ་རྣམས་ལ་རྩོམ་ཡིག་འབྲི་རུ་འཇུག་པ་ནི་ང་ཚོའི་བསམ་བློ་མཚོན་པ་དང་། ཁོ་ཚོའི་དྲན་ཚུལ་དེ་གཞན་ལ་ཤེས་སུ་འཇུག་རྒྱུའི་ཆེད་དུ་ཡིན་པ་རྟོགས་སུ་འཇུག་དགོས།
དེ་ཡང་བསམ་པའི་འཆར་སྒོ་ཕུན་སུམ་ཚོགས་པ་ནི་རྩོམ་ཡིག་གསར་རྩོམ་ལ་ཡོད་དགོས་ངེས་ཤིག་ཡིན་པས། དགེ་རྒན་ཚོས་ཁོ་ཚོའི་བསམ་པའི་འཆར་སྒོ་འཕེལ་བར་སྐུལ་འདེད་བཏང་སྟེ། སློབ་མར་རྩོམ་འབྲིར་བརྟེན་ནས་བསམ་བློ་མཚོན་པ་དང་དྲན་ཚུལ་གཞན་གྱིས་ཤེས་སུ་འཇུག་དགོས་པ་ལས། རང་ཉིད་ལ་བཀག་རྒྱ་བཟོ་མི་རུང་བར། འཆར་སྣང་ཕུན་སུམ་ཚོགས་པོ་དང་། འཚོ་བའི་ཁྲོད་ཀྱི་ཉམས་རྟོག་རྣམས་འཚེར་སྣང་མེད་པའི་སྒོ་ནས་མཚོན་རྒྱུའི་སྐུལ་མ་བྱ་དགོས། དེ་ལྟར་བྱས་ན། སློབ་མའི་བསམ་བློའི་འཆར་སྒོ་དོག་པའི་དབང་གིས་རྒྱུན་གཏན་གྱི་རྩོམ་འབྲིའི་ཁྲོད་རྩོམ་གྱི་ནང་དོན་མཐའ་གཅིག་ཏུ་བསྟོད་པ་བྱས་པའམ། ཡང་ན་དོན་གཅིག་ཟིན་ཐོར་བཀོད་པ་ལྟར། ཐད་ཀར་བརྗོད་པའི་སྣང་ཚུལ་ལས་སྒྲོལ་ཐུབ་སྟེ། དགའ་སྐྱོ་ཆགས་སྡང་གི་བསམ་པའི་བརྩེ་དུང་གིས་ཕྱུག་པའི་རྩོམ་ཡིག་གསོན་ཉམས་ཅན་ཞིག་འབྲི་ཐུབ།
གཉིས་པ། རྩོམ་རིག་གི་སྐད་ཆ་ཕུན་སུམ་ཚོགས་སུ་གཏོང་དགོས།
གཅིག བཤེས་གཉེན་གྱི་མཛུབ་ཁྲིད་འོག་རང་གཞན་ཕྱི་ནང་ཀུན་གྱི་བརྩམས་ཆོས་སྣ་ཚོགས་ལ་ལྟ་ཀློག་དང་མྱོང་དཔྱད་བྱེད་པའི་ནུས་པ་གོང་མཐོར་གཏོང་རྒྱུ་གཙིགས་སུ་འཛིན་དགོས།
རྒྱ་ནག་གི་གནའ་བོའི་སྙན་ངག་མཁས་ཅན་ཏུའུ་ཕུའུ་ཡིས། དཔེ་དེབ་ཁྲི་ཕྲག་མང་པོ་བཀླགས་གྱུར་ན། སྨྱུག་རྩེ་བསྐྱོད་པར་ལྷ་ཡིས་ཁ་ལོ་བསྒྱུར། ཞེས་གསུངས་པ་ལྟར། སློབ་མས་སྙན་ངག་དང་། ལྷུག་རྩོམ། སྒྲུང་གཏམ། ཟློས་གར། དེ་བཞིན་བོད་རང་གི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རྩོམ་ལུས་ཏེ། ལེགས་བཤད་དང་། བསླབ་བྱ། གཏམ་རྒྱུད། རྟོགས་བརྗོད་སོགས་རྩོམ་རིག་གི་བརྩམས་ཆོས་སོགས་ལ་ལྟ་ཀློག་བྱས་ཏེ། དེའི་ནང་ནས་ཚིག་སྦྱོར་སྙན་པ་དག་ཆེད་མངགས་དེབ་ཟིན་བྲིས་འགོད་དུ་བཅུག་ཐོག སླད་རང་ཉིད་ཀྱིས་རྩོམ་འབྲི་བའི་སྐབས་གང་འཚམ་བཀོལ་སྤྱོད་བྱ་རྒྱུ་དང་། བརྩམས་ཆོས་བཀླགས་རྗེས། དེའི་རྩོམ་སྟངས་སོགས་ལ་མྱོང་དཔྱད་བྱས་ཏེ་རང་ཉིད་ཀྱི་མྱོང་ཚོར་འབྲི་རྒྱུ་གོམས་སུ་འཇུག་ཐུབ་ན་རྩོམ་འབྲིའི་ཐད་ཕན་ཐོགས་ཆེ།
གཉིས། འཚོ་བ་དངོས་ལ་མྱོང་རོལ་བྱེད་པའི་ནུས་པ་མཐོ་རུ་གཏོང་དགོས།
སྐྱིད་སྡུག་འཚོ་བའི་འབྱུང་ཁུངས་མེད་ན་རྩོམ་རིག་འབྱུང་མི་སྲིད་ལ། དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་མེད་ན་རྩོམ་རིག་འབྱུང་མི་སྲིད་པས། འཚོ་བ་དང་སེམས་གཉིས་ནི་རྩོམ་རིག་གི་གཤོག་ཟུང་ལྟ་བུ་ཡིན། རྩོམ་རིག་ཅི་འདྲ་ཞིག་ཡིན་རུང་དེ་ནི་འཚོ་བ་དངོས་ཀྱི་ཚུར་སྣང་ཞིག་ཡིན་པས། རྩོམ་ཡིག་འབྲི་བར་རྒྱུན་གཏན་གྱི་འཚོ་བའི་ཁྲོད་རྩོམ་པ་པོ་ཞིག་ལ་སྤྱི་མཐུན་གྱི་ཚོར་བ་ཙམ་ལས། མཐུན་མིན་གྱི་ཚོར་བ་སྐྱེན་པོ་ཞིག་མེད་ན། རྩོམ་པ་པོ་ཞིག་ཏུ་འགྱུར་དཀའ། དེར་བརྟེན་འཚོ་བ་དངོས་ལ་མྱོང་རོལ་བྱ་རྒྱུ་ནི་གལ་ཤིན་ཏུ་ཆེ་བས། སློབ་མ་ཚོས་རྒྱུན་པར་འཚོ་བ་དངོས་ལ་ཟབ་འཇུག་དང་། བསམ་བློ་ཞིབ་ཕྲ་གཏོང་རྒྱུར་སྐུལ་མ་གཏོང་དགོས།
གསུམ་པ། བཤེས་གཉེན་གྱི་སྣེ་ཁྲིད་འོག་རྩོམ་འབྲིའི་ལག་ལེན་དངོས་ཀྱི་ཁྲོད་སྦྱོང་བརྡར་བྱ་དགོས།
ཇི་སྐད་དུ། གོམས་ན་སླ་བར་མི་འགྱུར་བའི། ཆོས་དེ་གང་ཡང་ཡོད་མ་ཡིན་ཞེས་པ་ལྟར། རྩོམ་འབྲིའི་ཐད་ལའང་དེ་ལྟར་ཡིན། འོ་ན་སློབ་མ་ཚོས་རྩོམ་ཡིག་འབྲི་རྒྱུ་དེ་གོམས་གཤིས་ཤིག་ཏུ་འགྱུར་བ་ཇི་ལྟར་བྱས་ཏེ་བྱ་དགོས་སམ་ཞེ་ན།
གཅིག དགེ་རྒན་གྱིས་རང་ངོས་ནས་གསར་རྩོམ་བྱས་ཏེ་སློབ་མར་མིག་སྟོན་གྱི་ནུས་པ་ཐོན་པ་བྱ་དགོས།
རྒྱུན་གཏན་གྱི་སློབ་ཁྲིད་ཁྲོད་སློབ་མར་རྩོམ་ཡིག་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག དགེ་རྒན་རང་ངོས་ནས་རྩོམ་ཡིག་བྲིས་ཏེ་སློབ་མའི་ཁྲོད་དུ་བཀླགས་ན། སློབ་མ་རྣམས་ཀྱི་བློ་སྒོ་འབྱེད་ཐུབ་པས། རྩོམ་འབྲིའི་གཞུང་ལུགས་བརྒྱ་སྟོང་བཤད་པ་ལས་ཀྱང་ནུས་པ་ཆེ་བ་ཐོན་སྲིད།
གཉིས། སློབ་མའི་ཡོན་ཚད་དང་བསྟུན་ཏེ་གོམ་གང་མདུན་སྤོས་དང་རེ་བ་ཇེ་ནན་དུ་གཏོང་དགོས།
མཐོ་འབྲིང་གི་སློབ་མར་ཚད་མཐོའི་སྒྱུ་རྩལ་རང་བཞིན་ལྡན་པའི་བརྩམས་སྒྲུང་དང་སྙན་རྩོམ་སོགས་འབྲི་རྒྱུའི་དམིགས་ཚད་བཏོན་ན། ར་མོར་མཛོ་ཁལ་གྱི་དཔེ་ལྟར་འགྱུར་སྲིད་པས། བཤེས་གཉེན་རྣམས་ཀྱིས་ཚད་དང་མཐུན་པའི་རྩོམ་འབྲིའི་རེ་བ་བཏོན་རྗེས། གོམ་པ་རིམ་བགྲོད་ཀྱིས་རྩོམ་འབྲིའི་ནུས་རྩལ་མཐོ་རུ་གཏོང་དགོས།
གསུམ། སློབ་མའི་རྩོམ་ཡིག་ལ་དགེ་རྒན་གྱིས་དཔྱད་བརྗོད་གནད་དུ་འཕིགས་པ་བྱ་དགོས།
རྒྱུན་གཏན་གྱི་སློབ་མའི་རྩོམ་ཡིག་གི་སྦྱོང་ཚན་དང་། ཡིག་རྒྱུགས་སྐབས་ཀྱི་རྩོམ་ཡིག་སོགས་ལ་བཟོ་བཅོས་རྒྱག་སྐབས། དགེ་རྒན་འགའ་ཤས་ཀྱིས་རྩོམ་གྱི་མགོ་ནས་མཇུག་བར་ལྗགས་ཀློག་ཙམ་ཡང་མ་གནང་བར། སློབ་མའི་ཡིག་གཟུགས་ལེགས་ཉེས་དང་ཁམས་གཙང་ཡིན་མིན་ཁོ་ནར་དམིགས་ཏེ། འོལ་ཚོད་ཀྱིས་དཔྱད་གཏམ་འབྲི་བ་དང་། སྐར་གྲངས་སྦྱིན་གྱི་ཡོད། དེས་སློབ་མའི་རྩོམ་འབྲིའི་སེམས་ཤུགས་ཉམས་འགྲོ་བས། ངེས་པར་དུ་རྩོམ་གྱི་རྣམ་པ་དང་ནང་དོན་ཚང་མར་དབྱེ་ཞིབ་ནན་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རྩོམ་ཡིག་གི་སྐྱོན་ཡོན་བརྗོད་ཐོག སློབ་མའི་རྩོམ་འབྲིའི་ནུས་པ་མཐོ་རུ་གཏོང་ཆེད་མཐུན་རྐྱེན་གང་ལེགས་བསྐྲུན་དགོས།
མདོར་ན། རྒྱུན་གཏན་རྩོམ་ཡོག་འབྲི་བའི་སྐབས་སུ་བཤེས་གཉེན་གྱིས་སློབ་མའི་བསམ་བློ་དང་རྩོམ་འབྲིའི་ལག་ལེན་དངོས་ལ་མཛུབ་ཁྲིད་ཡང་དག་བྱེད་དགོས་ཤིང་། དེ་ལྟར་འབེན་ཡོད་སར་མདའ་འཕེན་ཐུབ་ན། གཞི་ནས་སློབ་མས་རྩོམ་ཡིག་འབྲི་བའི་སྐབས་བླང་དོར་གྱི་གནད་ལ་མི་རྨོངས་པ་དང་། ཁོ་ཚོའི་རྩོམ་འབྲིའི་ནུས་པ་མཐོ་རུ་གཏོང་རྒྱུར་སྐུལ་མ་ཆེན་པོ་ཐེབས་ཐུབ་ངེས་ཡིན་ནོ།
(བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སྐལ་བཟང་ཆོས་སྒྲོན)