ཁྱིམ་ལ་མེ་ཤོར་ཚེ་གསོད་ཐབས་ཇི་ལྟར་བྱེད་རྒྱུའི་སྐོར་ལ་རང་སྐྱོང་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་མེ་གསོད་ལས་ཀ་ཡུན་རིང་བྱས་པའི་ཉམས་མྱོང་དང་འབྲེལ་ནས་གྲོང་མིར་ཁྱིམ་ཚང་དུ་མེ་ཤོར་སྐབས་ཚན་རིག་དང་མཐུན་པའི་མེ་གསོད་ཐབས་དང་མེ་སྐྱོན་ལས་ཐར་ཐབས་ངོ་སྤྲོད་བྱ་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མིས་ཚེ་སྲོག་གཞན་ལས་ལྷག་པའི་བསམ་བློ་བཅངས་ཏེ་སྦྱངས་པ་གོ་ཆོད་ཀྱིས་ཁྱིམ་མིར་ཉེན་ཁ་མི་ཡོང་བའི་རེ་བ་ཡོད།
འདི་ལོའི་ཟླ་11ཚེས་11ཉིན་གླིང་ཕྲན་གཉིས་ཁོངས་ཀྱི་ཚོང་ཁང་ཞིག་ཏུ་མ་བྱན་གྱིས་ཚལ་རྔོ་བའི་སྐབས་གཟབ་གཟབ་མ་བྱས་པས་མེ་ཤོར་བ་རེད། དོན་རྐྱེན་དེར་གྲོང་མིས་ཐབ་ཚང་ལ་མེ་མ་ཤོར་བ་ཇི་ལྟར་བྱ་རྒྱུའི་དོན་གནད་བཏོན་པར་རང་སྐྱོང་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་སྐད་འཕྲིན་སྤྱི་རྟགས་ལས་སྟེགས་བརྒྱུད་བརྡ་ལན་བྱས་པ་སྟེ། ང་ཚོས་ནམ་ཞག་རྒྱུན་དུ་ཆུས་མེ་བསད་པ་རྒྱུན་མཐོང་ཡིན་སྟབས་མེ་ཤོར་སྐབས་མི་མང་པོས་ཆུ་གཤོ་དགོས་པ་ཐོག་མར་བློ་ལ་དྲན་གྱི་ཡོད། ཡིན་ནའང་འཚོ་བའི་ནང་མེ་ཤོར་སྐབས་ཁག་གཅིག་ལ་ཆུ་གཤོས་ཚེ། དེ་ལས་ལྡོག་སྟེ་མེ་ཆེ་རུ་འགྲོ་གི་ཡོད། ཚལ་སླང་གི་སྣུམ་ཚ་པོར་མེ་འབར་བའི་སྐབས་ཆུ་མི་བླུག་པར་སྲིང་བལ་ལག་ཤུབས་གྱོན་ནས་འབར་རླངས་ཀྱི་ཁ་བཀག་སྟེ་འཕྲལ་མར་ཚལ་སླང་གི་ཁ་གཅོད་རྒྱག་དགོས། ཚལ་སླང་ནང་གི་གསོ་རླུང་ཚང་མ་རྫོགས་རྗེས་མེ་རང་བཞིན་དུ་ཤི་གི་ཡོད། གློག་ཆས་རྙིང་པར་མེ་འབར་སྐབས་སུའང་ཆུས་མེ་གསོད་རྒྱུ་མེད། རྒྱུ་མཚན་ནི་གློག་ཆས་ལ་གློག་ཁྲིད་སྟབས་ཆུ་དང་འཕྲད་ཚེ་གློག་འཁྱུད་སླ་ལ་གློག་ཆས་རྙིང་པར་ཆུ་ཕོག་ནས་དྲོད་ཚད་གློ་བུར་དུ་ཆག་སྟེ་འབར་གས་ཀྱང་བྱེད་སྲིད། དེ་འདྲའི་སྐབས་འཕྲལ་མར་གློག་བཀག་དགོས་ལ་གློག་ཆས་ཉེ་འཁོར་ལ་མེ་འབར་ནས་གློག་གསོད་མི་ཐུབ་ཚེ་ཁྱིམ་གྱི་གློག་སྒོ་བཀག་རྗེས་གཞི་ནས་མེ་གསོད་པར་འགྲོ་དགོས།
ཐབ་ཚང་ལ་མེ་ཤོར་རྒྱུར་ཡིད་གཟབ་བྱེད་དགོས་པ་ཕུད། ཁྱིམ་དུ་མེ་རོ་ཡོད་མེད་ལ་དེ་བས་དོ་སྣང་བྱེད་དགོས། གལ་སྲིད་སྣང་ཆུང་ཤོར་ཚེ་མི་ཤི་སྐྱོན་ཆག་གི་གནས་ཚུལ་ཡང་ཐོན་སྲིད། ཁྱིམ་ལ་མེ་ཟོན་ཇི་ལྟར་བྱེད་པའི་ཐད་རང་སྐྱོང་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་དུས་རྒྱུན་ནས་དོགས་ཟོག་ཆེར་བསྐྱེད་ཀྱིས་ཚན་རིག་དང་མཐུན་པའི་མ་བྱུང་སྔོན་འགོག་བྱ་རྒྱུ་ཨང་དང་པོར་བཞག་ནས་ཁྱིམ་ལ་མེ་སྐྱོན་མི་ཤོར་བའི་ཚན་རིག་བྱ་ཐབས་བཏོན་པ་སྟེ།
གཅིག ཁྱིམ་ཚང་གི་གློག་ཆས་ལ“བྱེད་མི་ཉན་པ་དགུ”ཡོད།
1.གློག་སྐུད་གང་བྱུང་འཁྲིད་མི་ཉན།
2.ཟངས་དང་། ཧ་ཡང་། ལྕགས་ཀྱི་སྐུད་པ་སོགས་ཉེན་འགོག་གློག་སྐུད་ལ་བཏང་མི་ཉན།
3.དུས་གཅིག་ལ་གློག་སྤྱོད་ཤུགས་ཆེ་བའི་སྒྲིག་ཆས་མང་པོ་སྤྱོད་མི་ཉན།
4.གློག་གི་དབུར་ཏེ་ལ་གློག་བཏང་ནས་འགྲོ་མི་ཉན།
5.གློག་སྐུད་ཐུམ་ལ་འགྱིག་དཀྲི་མི་ཉན།
6.བརྙན་འཕྲིན་བལྟས་རྗེས་ལམ་སེང་ཁེབས་གཡོགས་མི་ཉན།
7.ཕུ་ཤོར་ཚེ་རླུང་འཁོར་རམ་ཡང་ན་ཤེལ་ཏོག་སྤར་མི་ཉན།
8.ཐོག་ཁའི་བར་ཁྱམས་ལ་ཛར་ཛོར་འཇོག་མི་ཉན།
9.སྒོ་འགྲམ་ཤེལ་ཏོག་ཆར་པས་བརླན་པ་བཟོ་མི་ཉན་པ་བཅས་སོ།
གཉིས། འཚོ་བའི་ཁྲོད་འབར་སླ་བའི་རིགས་ལ་དོགས་ཟོན་བྱེད་དགོས་པ།
འབར་གས་སྐོར་གླེང་སྐབས་མི་མང་པོ་ཞིག་གིས་ནུས་པ་ཆེ་བའི་འབར་རྫས་དང་རྫས་འགྱུར་དངོས་པོ་དྲན་སྲིད། འོན་ཀྱང་དོན་དངོས་འཚོ་བའི་ནང་ང་ཚོའི་ཉེ་འགྲམ་ལ་རྒྱུན་མཐོང་གི་འབར་གས་འབྱུང་ཉེན་རྐྱེན་ངན་དཔེར་ན་ཕུ་བླུགས་པའི་པུ་རིལ་དང་། དབུཌ་རྡིག ལེ་ཀྲ གློག་གསོག་བྱེད་སོགས་ཡོད། གལ་སྲིད་ཅ་དངོས་དེ་དག་བེད་ཡག་པོ་སྤྱོད་མི་ཐུབ་ཚེ་དེའི་ཉེན་ཁ་ལྷག་པར་ཆེ་བས་རང་སྐྱོང་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་དེ་དག་ལ་འབྱུང་སླ་བའི་ཉེན་ཁ་གང་དང་གང་ཡོད་པ་བཏོན་པ་གཤམ་གསལ།
1.དྲོད་ཆེ་བའི་རླངས་འཁོར་ནང་ལེ་ཀྲ་འཇོག་པ། རིགས་གཅིག་མཁས་པས་ཉི་མའི་འོད་ཀྱིས་རླངས་འཁོར་ནང་གི་དྲོད་ཚད་མཐའ་ན་ཧྲེ་ཧྲི་ཏུའུ་60ཡན་ཟིན་པས་ལེ་ཀྲ་འབར་གས་ཡོང་གི་ཡོད་ཅེས་བཤད།
2.དུས་ཚོད་ཡོལ་བའི་ཕུའི་པུ་རིལ་སྤྱོད་པ། ཕུའི་པུ་རིལ་འབར་རྐྱེན་བཞི་ཙམ་ཡོད་པ་སྟེ། གཅིག་ནི་པུ་རིལ་བསམ་ཡུལ་ལས་འདས་པར་ཚ་པོ་ཆག་པ། གཉིས་ནས་ཕུ་མང་དྲགས་པ་སྟེ། སྤྱིར་པུ་རིལ་ནང་ཕུ་85%ལས་བརྒལ་ནས་བླུགས་མི་རུང་། གསུམ་ནས་གྲོང་མི་འགས་མེ་ཆེ་རུ་གཏོང་ཆེད་པུ་རིལ་ཆུ་ཚ་པོའི་ནང་བླུགས་པ། བཞི་ནས་དུས་ཚོད་ཡོལ་བ་དང་། བདག་གཅེས་དང་ཉམས་བཟོ་བྱས་མེད་པའི་པུ་རིལ་སྤྱོད་ཚེ་དྲོད་ཚད་མཐོ་བ་དང་། བཙིར་བ། རྡབ་པ་སོགས་ཀྱིས་འབར་གས་བྱུང་བ་བཅས་སོ།
3.རྒྱུན་དུ་གཙང་མ་མེད་པའི་དབུགས་རྡིག་སྤྱོད་པ། གལ་སྲིད་དབུགས་རྡིག་ལ་གཙང་སྦྲ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་དབུགས་ལྷན་དང་ཏོག་རྒྱག་སའི་ཁུང་བུ་འགགས་ཚེ་དབུགས་རྡིག་ནང་གནོན་ཤུགས་ཆེ་རུ་སོང་ནས་མཐར་འབར་གྱི་ཡོད། དེར་བརྟེན་དབུགས་རྡིག་གི་བཟོ་ལྟ་འགྱུར་བ་དང་བཙའ་བརྒྱབ་ཡོད་ན་བེད་སྤྱོད་རྒྱུ་མེད། བེད་མ་སྤྱོད་གོང་དབུགས་ལྷན་སོགས་ལ་ཞིབ་བཤེར་བྱས་ནས་མི་འགག་པ་བྱེད་དགོས་ལ་བླུག་རྒྱུའི་ཟས་རིགས་ཀྱང་བྱུར་བུར་བླུགས་མི་ཉན། ཁ་གཅོད་རྒྱག་སྐབས་འགྲིག་པོ་བྱུང་ཡོད་མེད་ལྟ་དགོས་པ་དང་ཐབ་ལས་ཕབ་སྐབས་དབུགས་རྡིག་གྲང་མོ་ཆགས་རྗེས་ཏོག་བཀོག་ནས་ཁ་ཕྱེ་དགོས།
གསུམ། ཁྱིམ་དུ་མེ་ཟོན་རང་སྐྱོབ་ཀྱི་སྒྲིག་ཆས་ལྔ་དགོས་པ།
ཁྱིམ་ལ་མེ་ཤོར་ཚེ་སྔོན་ལ་མེ་འབྱུང་ས་ནས་གསོད་རྒྱུ་གལ་ཆེན་པོ་ཡིན། དེས་ན་ཁྱིམ་ནང་རྒྱུན་དུ་མེ་ཟོན་དང་མེ་གསོད་རང་སྐྱོབ་ཀྱི་སྒྲིག་ཆས་ཡོད་དགོས། འགག་རྩའི་སྐབས་དེ་དག་གིས་སྲོག་ཉེན་ལས་བསྐྱབས་སྲིད།
1.མེ་ཟོན་གདན། མེ་སྐྱོན་འབྱུང་ས་ནས་བྲོས་སྐབས་མེ་ཟོན་གདན་གཟུགས་པོར་དཀྲིས་ན་མེ་མི་འཁྱུད་པ་དང་མེའི་ཚ་དྲོད་འཁྱོག་ཐུབ། མེ་ཐོག་མར་ཤོར་བའི་སྐབས་མེ་ཟོན་གདན་ཐད་ཀར་མེ་འབྱུང་སའམ་ཡང་ན་མེ་འབར་བའི་དངོས་པོར་གཡོགས་ཚེ་མེ་འཁྱུག་ཙམ་ནང་གསོད་ཐུབ།
2.མེ་གསོད་ཡོ་ཆས། མེ་ཐོག་མར་འབར་བའི་སྐབས་གལ་སྲིད་ཁྱིམ་ལ་མེ་གསོད་ཡོ་ཆས་ཡོད་པ་དང་དེ་བྱང་ཆུབ་པོས་སྤྱོད་ཐུབ་ཚེ་མེ་འཕྲལ་མར་གསོད་ཐུབ།
3.ལག་ཁྱེར་གློག་བཞུ། མཚན་ལ་མེ་ཤོར་ནས་གློག་ཚིག་ཚེ་ཁང་པ་ནག་ཁུང་ཡིན་པས་དེ་དུས་ལག་ཁྱེར་གློག་བཞུ་གསལ་པོ་ཞིག་བྱུང་ཚེ་དེ་ནས་བྲོས་ཐར་རྒྱུ་མ་ཟད། སྲོག་སྐྱོབ་ཀྱི་འབོད་བརྡ་གཏོང་ཆས་ཀྱང་བྱེད་ཆོག
4.དུ་བ་མི་འཚང་བའི་གདོང་ཁེབས། མེ་ཤོར་སྐབས་མི་མང་པོ་ཞིག་མེས་ཚིག་ནས་ཤི་བ་མ་ཡིན་པར་དུ་བས་དབུགས་འགགས་ནས་ཤི་བ་ཤ་སྟག་རེད། དེར་བརྟེན་ཁྱིམ་ལ་དུ་བ་མི་འཚང་བའི་གདོང་ཁེབས་ཤིག་ཡོད་ཚེ་འགག་རྩའི་དུས་དེ་བེད་སྤྱད་ནས་ཐར་ཐབས་བྱས་ཚེ་ཁ་ནང་དུ་བ་མི་འགྲོ་བ་བྱེད་ཐུབ།
5.དལ་འབབ་སྒྲིག་ཆས། དེ་ནི་ཐོག་སོ་མཐོ་པོ་ནས་བྲོས་སྐབས་དལ་གྱིས་སར་བདེ་བར་བབས་ཐུབ་པའི་སྲོག་སྐྱོབ་སྒྲིག་ཆས་ཤིག་ཡིན། དེ་འདྲ་ཡོད་ཚེ་ཁང་པ་ཐོག་བརྩེགས་ནས་བྲོས་སྐབས་གློག་མི་དགོས་པར་མིའི་གཟུགས་པོའི་ལྗིད་ཤུགས་ཀྱིས་རང་ཤུགས་ངང་མར་བབས་ཐུབ་ལ་སྤྱོད་སྟངས་ཀྱང་སྟབས་བདེ་པོ་ཡོད།