ང་ཚོས་དུས་རྒྱུན“དག་སྙོམས་མཛེས་གསུམ་མ་བྱུང་ཕྱིར། མ་མཛེས་གོས་ཧྲུལ་གྱོན་པ་འདྲ”ཞེས་དཔེར་དྲངས་ནས་ཡིག་གཟུགས་གལ་ཆེན་པོ་ཡིན་ལུགས་བརྗོད་བཞིན་ཡོད་ལ། དོན་དུ་དེ་ལྟར་ལགས། གལ་སྲིད་ཡིག་གཟུགས་ལེགས་པོ་མེད་ན། རྩོམ་ཡིག་སོགས་བརྗོད་བྱ་ཇི་ལྟར་ཟབ་ཅིང་། རྗོད་བྱེད་ཇི་ལྟར་སྙན་རུང་། ཀློག་པ་པོའི་ཀློག་པའི་དང་བ་འདྲེན་མི་ནུས། དེས་ན། ང་ཚོ་དགེ་རྒན་གྱིས་སློབ་མར་ནམ་ཞག་རྒྱུན་དུ་ནས་ཡིག་གཟུགས་ལེགས་པོ་ཞིག་འབྲི་བའི་སྦྱོང་བརྡར་སྤྲོད་རྒྱུ་དེ་སློབ་ཁྲིད་ཀྱི་འཆར་གཞིའི་ནང་དུ་བཅུག་དགོས་པ་མ་ཟད། ལག་ལེན་དུའང་དངོས་སུ་བསྟར་དགོས། སློབ་འབྲིང་གི་སློབ་མར་ཆ་བཞག་ན། མ་གཞི་ཁོང་ཚོ་སློབ་ཆུང་ལོ་དྲུག་ཙམ་འགྲིམས་པས། ཡིག་གཟུགས་ཀྱི་རྨང་གཞི་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་སློབ་མ་འགའ་རེའི་བོད་ཡིག་ཡིག་གཟུགས་དེ་ཙམ་ལེགས་པོ་མེད། དེས་ན། ང་ཚོ་སློབ་འབྲིང་གི་དགེ་བའི་བཤེས་གཉེན་ཚོས་སློབ་མའི་བོད་ཡིག་ཡིག་གཟུགས་མུ་མཐུད་ལེགས་སུ་གཏོང་བའི་ངལ་བ་ལྷུར་ལེན་དགོས། གཤམ་ལ་ཁོ་མོས་ལོ་མང་སློབ་ཁྲིད་བྱས་པའི་མྱོང་བ་དང་སྦྲགས་ནས། ཇི་ལྟར་བྱས་ནས་སློབ་འབྲིང་སློབ་མའི་བོད་ཡིག་ཡིག་གཟུགས་ལེགས་སུ་གཏོང་བའི་ཐད། རང་གི་ལྟ་ཚུལ་འགའ་གླེང་བར་བྱའོ།
དེའང་ལུས་ལ་ན་ཚ་ཕོག་སྐབས་སྔོན་ལ་ནད་གང་དེའི་འབྱུང་རྐྱེན་འཚོལ་བ་དང་། དེ་ནས་ནད་བསྟུན་སྨན་བཅོས་བྱས་ན། གཞི་ནས་དྲག་སྐྱེད་འགྲོ་བཞིན་པའི་དཔེ་ལྟར། ང་ཚོས་སྔོན་ལ་སློབ་འབྲིང་སློབ་མ་འགའ་རེའེ་ཡིག་གཟུགས་དེ་ཙམ་ལེགས་པོ་མེད་པའི་རྒྱུ་རྐྱེན་འཚོལ་དགོས་པ་དང་། དེ་ནས་གང་ལ་གང་འཚམ་གྱི་བྱ་ཐབས་སྤྱད་ཙ་ན། གཞི་ནས་སློབ་མའི་ཡིག་གཟུགས་ལེགས་སུ་འགྲོ་ངེས་རེད།
དང་པོ། སློབ་མ་འགའི་ཡིག་གཟུགས་དེ་ཙམ་ལེགས་པོ་མེད་པའི་རྒྱུ་རྐྱེན།
སློབ་འབྲིང་གི་སློབ་མ་འགའི་བོད་ཡིག་ཡིག་གཟུགས་ལེགས་པོ་དེ་ཙམ་མེད་པའི་རྒྱུ་རྐྱེན་ལ་རགས་ཙམ་དཔྱད་པ་བཏང་བ་བརྒྱུད། གཙོ་བོ་གཤམ་གསལ་གཉིས་ལ་ཐུག་འདུག་པར་སེམས།
གཅིག སློབ་ཆུང་གི་དུས་སུ། སློབ་མ་ཚོས་སྤྱིར་ན་ཚུགས་ཐུང་འབྲི་བཞིན་ཡོད་མོད། འོན་ཀྱང་སློབ་འབྲིང་དུ་སླེབས་སྐབས། སྦྱོང་ཚན་མང་དུ་ཕྱིན་པ་སོགས་ཀྱིས་རྐྱེན་པས། ཚུགས་མ་འཁྱུག་འབྲི་དགོས་ཀྱི་ཡོད། ཡིན་ནའང་། སློབ་འབྲིང་སྐབས་སྔོན་མ་སློབ་ཆུང་འགྲིམ་སྐབས་ལྟར། དགེ་རྒན་གྱིས་ཆེད་དམིགས་ཀྱིས་སྦྱོང་བརྡར་དེ་ཙམ་སྤྲོད་ཀྱི་མེད་པར། གཙོ་བོ་སློབ་མ་སོ་སོས་རང་འགུལ་གྱིས་སྦྱོང་དགོས་ཀྱི་ཡོད།
གཉིས། ཉིན་རེ་བཞིན་མ་བསྡད་པར་འཕེལ་རྒྱས་འགྲོ་བའི་དུས་འདིར། མི་མང་པོ་ཞིག་གིས་སྟབས་བདེ་ལ་ལས་ཆོད་ཆེ་བའི་གློག་ཀླད་སྤྱོད་པ་མ་གཏོགས། རང་གིས་སྨྱུ་གུར་བརྟེན་ནས་རྒྱུན་སྤྱོད་ཡིག་རིགས་དང་རྩོམ་ཡིག་དེ་ཙམ་མང་པོ་འབྲི་ཡི་མེད། དེའི་དབང་གིས་ང་ཚོ་དགེ་རྒན་འགའ་རེས་ཀྱང་གློག་ཀླད་ཀྱིས་རང་ཉིད་ཀྱི་སྨྱུ་གུའི་ཚབ་ལྟ་བུ་བྱེད་ཀྱི་ཡོད། དེར་བརྟེན། དགེ་རྒན་འགའ་རེའི་བོད་ཡིག་ཡིག་གཟུགས་ཀྱང་དེ་ཙམ་ལེགས་པོ་མེད་པས། སློབ་མར་རང་དཔེ་གཞན་སྟོན་ཐུབ་ཀྱི་མེད། ད་དུང་དགེ་རྒན་འགའ་རེས་དུས་རྒྱུན་ནས་སློབ་མའི་ཡིག་གཟུགས་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པས། སློབ་མ་འགའ་རེས་བོད་ཡིག་ཡིག་གཟུགས་སྙོམས་ལ་གྲལ་འགྲིག་པོ་ཞིག་འབྲི་ཐུབ་ཀྱི་མེད།
གཉིས་པ། བོད་ཡིག་ཡིག་གཟུགས་ལེགས་སུ་གཏོང་ཐབས།
གོང་དུ་ཞུས་པའི་རྒྱུ་རྐྱེན་དེ་དག་གི་དབང་དུ་སོང་ནས། སློབ་མ་འགའ་རེའི་བོད་ཡིག་ཡིག་གཟུགས་དེ་ཙམ་ལེགས་པོ་མེད། དེས་ན། ཁོ་མོས་བལྟས་ན་གཤམ་གསལ་གྱི་བྱ་ཐབས་དེ་དག་སྤྱད་ན། བོད་ཡིག་ཡིག་གཟུགས་ལེགས་སུ་འགྲོ་བར་ཕན་འབྲས་ལེགས་པོ་ཐོན་ཐུབ་སྙམ། དེ་ཡང་རང་ཉིད་ཀྱི་ལྟ་ཚུལ་རགས་ཙམ་བརྗོད་ན།
གཅིག ཕུལ་དུ་བྱུང་བའི་གནའ་དེང་གི་སློབ་གསོའི་ཉམས་མྱོང་མཉམ་བསྲེ་མཉམ་སྤྱོད་བྱེད་དགོས་ལ། དགེ་མཚན་གསབ་རེས་བྱེད་དགོས། དཔེར་ན། དེང་གི་ཆར་མ་གཞི་བྱང་ཤིང་དུ་ཡིག་གཟུགས་སྦྱོང་མཁན་དེ་ཙམ་མང་པོ་མེད། འོན་ཀྱང་གང་དེའི་ཐོག་ཏུ་ཡིག་གཟུགས་སྦྱངས་པ་ཡིན་ན། བོད་ཡིག་ཡིག་གཟུགས་ཚད་ལྡན་དང་ལེགས་པོ་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པས། སློབ་ཚན་གྲོལ་རྗེས། ང་ཚོ་དགེ་རྒན་གྱིས་ཡིག་གཟུགས་ཀྱི་མོས་པའི་ཚོགས་ཆུང་སོགས་བཙུགས་ནས། སློབ་མར་སྦྱང་ཤིང་དུ་ཡིག་གཟུགས་སྦྱོང་དུ་བཅུག་ན། སློབ་མས་བོད་ཡིག་ཡིག་གཟུགས་སྦྱོང་བའི་རྣམ་པ་བཟང་པོ་ཞིག་བཏོད་ཐུབ་ལ། བོད་ཡིག་གི་ཡིག་གཟུགས་ཀྱང་ངམ་ཤུགས་ཀྱིས་ལེགས་སུ་འགྲོའོ།
གཉིས། དགེ་རྒན་གྱི་ཡིག་གཟུགས་ཡག་ཉེས་དང་སློབ་ཕྲུག་གི་ཡིག་གཟུགས་ཡག་ཉེས་དབར་ལ་ཐད་ཀར་འབྲེལ་བ་ཡོད་པས། བོད་ཡིག་དགེ་རྒན་རྣམས་ཀྱིས་རང་ངོས་ཀྱི་དོན་དངོས་གནས་ཚུལ་དང་བསྟུན་ནས་རང་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། དེའང་འཇར་མན་གྱི་སློབ་གསོ་མཁས་ཅན་ཏི་སི་ཐེར་ཝེག་གིས། དགེ་རྒན་ནི་སློབ་ཕྲུག་གི་མིག་དཔེ་བཟང་ཤོས་རེད། དགེ་རྒན་གྱིས་རང་ཉིད་ཀྱི་བྱང་ཚད་མཐོ་རུ་གཏོང་བར་འབད་བརྩོན་ལྷོད་མེད་བྱས་ཕྱིན། གཞི་ནས་སློབ་མར་སློབ་གསོ་གཏོང་ཐུབ་ཅེས་བརྗོད་ལ། རང་ཅག་བོད་དུའང་། ཆུ་རྐ་མགོར་ཡོད་ན་རྐ་མཇུག་དང་། ཁོག་མའི་ནང་དུ་ཡོད་ན་ཟ་རུའི་ནང་ལ་ཡོད་ཅེས་གཏམ་དཔེ་ཡོད། དེས་ན་ང་ཚོ་དགེ་རྒན་གྱིས་དང་ཐོག་ཡིག་གཟུགས་ལེགས་སུ་གཏོང་རྒྱུ་དེ་རྨང་གཞིའི་ཤེས་བྱ་གལ་ཆེན་ཞིག་ཏུ་བརྩིས་ནས་ལྷོད་གཡེང་དང་སྣང་ཆུང་གི་བསམ་པ་དོར་ནས། ཡིག་གཟུགས་གལ་ཆེན་པོ་ཡིན་པའི་འདུ་ཤེས་ཤིག་རྒྱུད་ལ་སྐྱེས་པ་བྱ་དགོས་པ་དང་། དེ་ནས་གལ་ཏེ་རང་ཉིད་ཀྱི་ཡིག་གཟུགས་དེ་ཙམ་ལེགས་པོ་མེད་ན། དུས་དང་རྣམ་པ་ཀུན་ཏུ་སྔོན་ལ་རང་གི་ཡིག་གཟུགས་ལེགས་སུ་གཏོང་དགོས། དེ་དང་དུས་མཚུངས་སློབ་མར་ཡང་ཡིག་གཟུགས་ཀྱི་གལ་ཆེའི་རང་བཞིན་བརྗོད་པ་དང་སྦྲགས། ངེས་པ་དོན་ལ་གནས་པའི་ཡིག་གཟུགས་མཁས་ཅན་འགའི་ཡིག་གཟུགས་དཔེར་བཟུང་ནས། སྦྱོང་བརྡར་སྤྲོད་དགོས། དེ་ལྟར་བྱས་ན། དུས་ཡུན་ཐུང་ངུ་ཞིག་གི་ནང་། སློབ་མའི་ཡིག་གཟུགས་མགྱོགས་མྱུར་ལེགས་སུ་འགྲོ་ཐུབ།
མདོར་ན། སློབ་འབྲིང་གི་དུས་མཚམས་ནི་མི་ཞིག་གི་མི་ཚེའི་ནང་། གལ་ཆེ་ཤོས་ཀྱི་དུས་ཤིག་ཡིན་ཏེ། དུས་མཚམས་དེར་སློབ་མའི་མི་ཚེའི་ལྟ་བ་དང་། འཇིག་རྟེན་ལྟ་བ། རིན་ཐང་ལྟ་བ་སོགས་གྲུབ་བཞིན་ཡོད་པས། གལ་ཏེ་དུས་མཚམས་དེར་སློབ་མར་ཡིག་གཟུགས་ལེགས་པོ་ཞིག་འབྲི་བའི་རྩལ་ཞིག་བྱང་བར་གྱུར་ཚེ། ཕྱིས་སུ་སློབ་མ་དེའི་ཕྱོགས་ཚང་མའི་ཡར་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་པས། དགེ་རྒན་གྱིས་ཁྲིད་སྟོན་དང་བཅས་སློབ་མར་ཡིག་གཟུགས་ཀྱི་གལ་ཆེའི་རང་བཞིན་དང་དགོས་མཁོའི་རང་བཞིན་གསལ་བཤད་ལེགས་པར་བརྒྱབ་པའི་ཁར། ཁོང་ཚོར་དེའི་ཐད་ཀྱི་མཐུན་རྐྱེན་གང་མང་གང་ཡག་སྦྱར་ནས། ཕྲུ་གུ་ཚོའི་སོར་རྩེ་ནས་མཚར་སྡུག་ལྡན་པའི་ཡིག་གཟུགས་མེ་ཏོག་བཀྲ་བར་འབད་དགོས་སོ། (སྙེ་མོ་རྫོང་སློབ་འབྲིང་གི་མཚོ་སྐྱིད)