དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རླུང་འཕྲིན་གྱི་ཁྱད་ཆོས་ནས་རླུང་འཕྲིན་གྱི་ཡིག་སྒྱུར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-18

    བོད་དུ་ཆ་མཚོན་ན་རླུང་འཕྲིན་ནི་སྲོལ་རྒྱུན་སྨྱན་སྦྱོར་ཆེན་པོ་གསུམ་གྱི་ནང་ནས་ཅུང་ཐོན་སྔ་བའི་སྨྱན་སྦྱོར་གྱི་གྲས་ཤིག་ཡིན་པ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་གསན་པ་པོའི་དགོས་མཁོ་དང་དུས་རབས་ཀྱི་དགོས་མཁོར་བསྟུན་ནས། རླུང་འཕྲིན་གྱི་ལེ་ཚན་གཉེར་ཕྱོགས་དང་བོད་སྐད་རླུང་འཕྲིན་གྱི་ཡིག་སྒྱུར་བྱེད་སྟངས་སོགས་ལའང་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ལྷག་པར་དུ་དེང་རབས་ཀྱི་གསར་དར་སྨྱན་སྦྱོར་དྲ་རྒྱ་དང་། ལག་ཐོགས་ཁ་པར། སྐད་འཕྲིན་སོགས་དར་ཁྱབ་ཇེ་ཆེར་འགྲོ་བའི་དུས་སྐབས་སུ། རླུང་འཕྲིན་ཚུད་པའི་སྲོལ་རྒྱུན་སྨྱན་སྦྱོར་ལ་ཡང་འགྲན་སློང་ཡང་ཆེན་པོ་འཕྲད་བཞིན་ཡོད་པ་དང་། འགྲན་སློང་གི་ཁྲོད་ནས་རླུང་འཕྲིན་ལ་སོགས་པའི་སྲོལ་རྒྱུན་བོད་སྐད་སྨྱན་སྦྱོར་གྱི་ལེ་ཚན་ཁག་གི་ཡིག་སྒྱུར་ལའང་འགྲན་སློང་ཆེན་པོ་འཕྲད་བཞིན་ཡོད། འདིར་གུས་མོས་དུས་རབས་གསར་པའི་འོག་རླུང་འཕྲིན་གྱི་ཁྱད་ཆོས་གཞིར་བཟུང་རླུང་འཕྲིན་ཡིག་སྒྱུར་སྐོར་ཅུང་ཟད་གླེང་བར་བྱའོ།

    དང་པོ། རླུང་འཕྲིན་གྱི་མྱུར་བའི་རང་བཞིན་དང་བསྟུན་པའི་ཡིག་སྒྱུར་སྐོར།

    སྲོལ་རྒྱུན་སྨྱན་སྦྱོར་གཞན་དག་དང་བསྡུར་བ་བྱས་ཚེ། རླུང་འཕྲིན་གྱི་ཁྱད་ཆོས་གཙོ་བོ་ནི་མྱུར་ལ་མགྱོགས་པའི་སྒོ་ནས་ཆ་འཕྲིན་ཁག་དུས་ཐོག་ཏུ་བརྒྱུད་སྤྲོད་བྱེད་པ་དེ་རེད། འོན་ཏེ་ཆ་འཕྲིན་གྱི་དུས་རབས་སུ་སླེབས་པ་དང་བསྟུན་ནས་གནམ་གྱིས་ས་བཀབ་པ་ལྟ་བུའི་ཆ་འཕྲིན་ཁག་དེང་རབས་སྨྱན་སྦྱོར་བརྒྱུད་ནས་དུས་ཡུན་ཐུང་ཤོས་ནང་མི་རྣམས་ལ་བརྒྱུད་སྤྲོད་བྱེད་པ་དེས། རླུང་འཕྲིན་གྱི་སྨྱན་སྦྱོར་ཁྱད་ཆོས་ལ་འགྲན་སློང་བྱེད་བཞིན་ཡོད་ལ། དེ་དང་བསྟུན་ནས་བོད་སྐད་རླུང་འཕྲིན་གྱི་ཡིག་སྒྱུར་བྱ་བར་ཡང་འགྲན་སློང་བྱེད་བཞིན་ཡོད། དེས་ན་དུས་སྐབས་འདི་འདྲ་ཞིག་གི་འོག་ཏུ་བོད་སྐད་རླུང་འཕྲིན་གྱི་ལོ་ཙཱ་བ་ཚོས་བོད་སྐད་རླུང་འཕྲིན་གྱི་ཡིག་སྒྱུར་བྱ་བ་དམ་པོར་བཟུང་ཐོག འགྲན་སློང་གི་ཁྲོད་ནས་རླུང་འཕྲིན་གྱི་མྱུར་བའི་ཁྱད་ཆོས་མ་བརླགས་པ་དང་། ཡིག་སྒྱུར་གྱི་བྱ་བས་བོད་སྐད་རླུང་འཕྲིན་གྱི་མྱུར་བའི་རང་བཞིན་ལ་ཞབས་འདེགས་ཞུ་ཐུབ་པ་དགོས། དེ་ཡང་ཁ་གསལ་ཙམ་ཞུས་ན། གསར་འགྱུར་གྱི་མྱུར་བའི་རང་བཞིན་དེ་ལོ་ཙཱ་བའི་ཡིག་སྒྱུར་གྱི་མྱུར་ཚད་དང་འབྲེལ་བ་དམ་ཟབ་ཡོད། རླུང་འཕྲིན་ཡིག་སྒྱུར་མགྱོགས་ལ་མྱུར་བ་དང་། གནད་ལ་འཁེལ་བ། ཁ་གསལ་གོ་བདེ་ཞིག་ཡོང་བ་ཇི་ལྟར་བྱེད་དགོས་སམ་ཞེ་ན།

    (གཅིག)རླུང་འཕྲིན་ལོ་ཙཱ་བས་བོད་ཀྱི་ཐ་སྙད་གསོག་འཇོག་གང་ཐུབ་བྱེད་དགོས།

    དེ་ཡང་རྒྱ་སྐད་ཀྱི་ཆ་འཕྲིན་ཞིག་མགྱོགས་ལ་མྱུར་བའི་སྒོ་ནས་བོད་ཀྱི་གསན་པ་པོའི་སྙན་ལམ་དུ་སྐྱེལ་དགོས་ན། ཐོག་མར་ལོ་ཙཱ་བར་བོད་ཡིག་གི་རྨང་གཞི་ལེགས་པོ་ཞིག་དགོས་ལ། རྣམ་ཀུན་ནས་སྨྱན་སྦྱོར་གཞན་ནམ་འཚོ་བའི་ཁྲོད་ཐོན་པའི་བོད་འགྱུར་ཐ་སྙད་ཁག་ལ་ཡིད་འཇོག་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། རང་ཉིད་ཀྱི་ཐ་སྙད་ཀྱི་བང་མཛོད་དབུལ་གྱུར་ན། རླུང་འཕྲིན་ལེ་ཚན་གྱི་མྱུར་བའི་རང་བཞིན་ལ་ཞབས་འདེགས་ཞུ་ཐུབ་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་དུས་ཚོད་འགོར་འགྱངས་ཀྱིས་རླུང་འཕྲིན་གྱི་ཞབས་འདེགས་ནུས་པ་ཤོར་བའི་དོན་རྐྱེན་ཡང་ཐོན་སྲིད། ལྷག་པར་དུ་དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། བྱ་དངོས་གསར་པ་མང་པོ་ཞིག་ང་ཚོའི་དབང་ཤེས་ཀྱི་མྱོང་བྱར་གྱུར་ཡོད་པས། ང་ཚོས་སྐབས་ཐོག་ཏུ་བྱ་དངོས་གསར་པ་དེ་ཚོའི་ཐ་སྙད་སྤྱི་བསྒྲགས་བྱས་པ་དག་རང་ཉིད་ཀྱི་ཐ་སྙད་ཀྱི་བང་མཛོད་དུ་འཇུག་ཐུབ་པ་བྱེད་དགོས། དེ་ལྟར་བྱུང་ན་རླུང་འཕྲིན་ལེ་ཚན་གྱི་མྱུར་བའི་རང་བཞིན་ལ་ཡིག་སྒྱུར་གྱིས་འགན་ལེན་བྱེད་ཐུབ།

    (གཉིས)རླུང་འཕྲིན་ལོ་ཙཱ་བས་མང་ཚོགས་ཀྱི་སྐད་ཆར་སློབ་སྦྱོང་གང་ཐུབ་ཞུ་དགོས།

    རླུང་འཕྲིན་ཡིག་སྒྱུར་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་དེའི་ཁ་སྐད་རང་བཞིན་དང་གོ་བདེའི་རང་བཞིན་དེ་རེད། རླུང་འཕྲིན་ལེ་ཚན་ཞིག་ཁ་གསལ་གོ་བདེའི་ངང་ནས་གསན་པ་པོའི་སྙན་ལམ་དུ་སྐྱེལ་ཐུབ་ཚེ། རླུང་འཕྲིན་ལེ་ཚན་གཉེར་བའི་དགོས་དོན་ཐོག་མ་དེ་གྲུབ་པ་རེད། དེར་བརྟེན། ང་ཚོས་རྣམ་ཀུན་འཚོ་བའི་ཁྲོད་མང་ཚོགས་ཕན་ཚུན་ཁ་བརྡ་བྱེད་ཚུལ་ལ་ཡིད་འཇོག་མང་ཙམ་བྱེད་དགོས་པ་དང་ཁོང་ཚོའི་སྐད་ཆར་སློབ་སྦྱོང་མང་ཙམ་བྱེད་དགོས། དཔེར་ན། རྣམ་ཀུན་མང་ཚོགས་ཚོས་འཚོ་བའི་ཁྲོད“手扶拖拉机”དང“微信”ལ་ཐོ་ཕྲུག་དང་སྐད་འཕྲིན་ཞེས་ངག་ལ་འཇགས་བདེ་བ་དང་གོ་བདེ་བའི་ཐ་སྙད་བེད་སྤྱོད་བྱེད་པ་ལྟ་བུར་སློབ་སྦྱོང་ཞུ་དགོས། དེ་མིན་ང་ཚོའི་འཚོ་བའི་ཁྲོད་བེད་སྤྱོད་དེ་ཙམ་མེད་པའི་གོང་གསལ་ཐ་སྙད་ཀྱི་འགྱུར་རྙིང“ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར”དང་། “འཕྲིན་ཐུང”ལྟ་བུ་བེད་སྤྱོད་བྱས་ཚེ་དོན་གོ་མི་བདེ་བ་དང་གོ་ལོག་ཏུ་འགྱུར་ཉེན་ཡང་ཡོད་པས། རླུང་འཕྲིན་གྱིས་མྱུར་ལ་མགྱོགས་པའི་སྒོ་ནས་གསན་པ་པོར་ཆ་འཕྲིན་མཁོ་སྤྲོད་བྱེད་པའི་འགོག་རྐྱེན་དུའང་འགྱུར་སྲིད།

    གཉིས་པ། དོན་སྒྱུར་དང་ཚིག་ཕྲལ་ནས་བསྒྱུར་བའི་སྐོར།

    རླུང་འཕྲིན་ནི་ཚགས་པར་ལྟར་ཆ་འཕྲིན་ཉར་ཚགས་བྱེད་བདེ་པོ་མེད་པར་སྐད་ཆ་དུམ་བུ་ཞིག་གསན་ཚར་ན་ཚར་བ་རང་ཡིན་པས། རླུང་འཕྲིན་ལེ་ཚན་གྱི་ཐ་སྙད་ཁག་གཅིག་ཡིག་སྒྱུར་ཡག་པོ་མ་བྱུང་ན། མང་ཚོགས་ཀྱིས་གོ་རྒྱུ་ལྟ་ཞོག དེ་བས་གོ་བ་ལོག་པའི་ཉེན་ཁ་ཡོད། དཔེར་ན་རྒྱ་ཡིག་གི་ཐ་སྙད“兴农惠农”ལྟ་བུར་ཆ་མཚོན་ན། དེར“ཞིང་དར་ཞིང་ཕན”ཞེས་བསྒྱུར་ན་ཚགས་པར་ཐོག་ཡི་གེར་བལྟས་ནས་གོ་བ་ལོན་ཐུབ་ནའང་། རླུང་འཕྲིན་གསན་པ་པོ་ཞིག་གིས་གོ་བདེ་པོ་གཏན་ནས་མེད། དེར་བརྟེན། ཐ་སྙད་དེ་ལྟ་བུ་རླུང་འཕྲིན་དུ“ཞིང་ལས་དར་རྒྱས་གཏོང་བ་དང་ཞིང་པར་ཕན་པ་འདོགས་པ”ལྟ་བུར་ཕྲལ་ནས་བསྒྱུར་ཚེ། རླུང་འཕྲིན་གསན་པ་པོས་ཚིག་གོ་བ་དང་དུས་མཚུངས་དོན་རྟོགས་ཐུབ། དེ་དང་འདྲ་བར“治国兴藏”“依法治税”སོགས་ལ“རྒྱལ་སྐྱོང་བོད་དར”དང“ཁྲིམས་ལྟར་ཁྲལ་སྐྱོང”ལྟ་བུར་ཐད་ཀར་མ་བསྒྱུར་པར། “རྒྱལ་ཁབ་སྐྱོང་བ་དང་བོད་ལྗོངས་དར་རྒྱས་ཡོང་བ་བྱེད་པ”དང“ཁྲིམས་བཞིན་དུ་དཔྱ་ཁྲལ་བསྡུ་རྒྱུར་བཅོས་སྐྱོང་བྱེད་པ”ཞེས་བསྒྱུར་བ་སོགས་རིགས་འགྲེའོ། དེ་མིན་མིང་ཚིག་འཕྲལ་ནས་མ་བསྒྱུར་བར་ཐད་སྒྱུར་བྱས་ཚེ། རླུང་འཕྲིན་ནས་གསན་ན་བཞད་གད་ཀྱི་རྒྱུ་རུ་འགྲོ་བའི་ཚུལ་ཡང་ཡོད་དེ། དཔེར་ན།“养殖大户”ལྟ་བུར་ཆ་མཚོན་ན། དེར“གསོ་ཚགས་ཁྱིམ་དུད་ཆེན་པོ”ཞེས་མ་བསྒྱུར་པར། “གསོ་ཚགས་དུད་ཆེན”ཞེས་བསྒྱུར་ཚེ་རླུང་འཕྲིན་གསན་པ་པོས་གསོ་ཚགས་བྱེད་པའི་དུས་སྟོན་ལྟ་བུར་གོ་བ་ལོག་པའི་ཉེན་ཁ་ཡང་ཡོད།

    མདོར་ན། གོང་གསལ་གྱི་རླུང་འཕྲིན་ཡིག་སྒྱུར་སྐོར་ནི་རླུང་འཕྲིན་གྱི་མགྱོགས་ལ་མྱུར་བའི་ཁྱད་ཆོས་ཀྱིས་རླུང་འཕྲིན་གྱི་ལོ་ཙཱ་བ་ཚོར་བཏོན་པའི་བླང་བྱ་ཞིག་ཡིན་ལ། རླུང་འཕྲིན་ཡིག་སྒྱུར་ཁྱད་ཆོས་ཀྱིས་རླུང་འཕྲིན་ལོ་ཙཱ་བ་ཚོར་བཏོན་པའི་རེ་བ་ཡང་རེད། དེས་ན་ཆ་འཕྲིན་གྱི་དུས་རབས་དང་། སྲོལ་རྒྱུན་སྨྱན་སྦྱོར། དེང་རབས་སྨྱན་སྦྱོར་བཅས་ཟུང་དུ་སྦྲེལ་་བའི་དམིགས་བསལ་གྱི་དུས་རབས་འདི་འདྲ་ཞིག་ཏུ། རླུང་འཕྲིན་ལོ་ཙཱ་བ་ཚོས་ཁ་ཡངས་ལ་མགོ་བདེ་བའི་ངང་ནས་མང་ཚོགས་ཀྱི་སྐད་ཆར་སློབ་སྦྱོང་དང་། ཐ་སྙད་གསར་པ་གསོག་འཇོག་མང་ཙམ་བྱེད་པའི་རྨང་གཞིའི་ཐོག དེ་བས་གལ་པོ་ཆེ་ལ་ནན་ཏན་གྱི་སྒོ་ནས་ཡིག་སྒྱུར་སྤྱི་དང་། ལྷག་པར་རླུང་འཕྲིན་ཡིག་སྒྱུར་གྱི་གཞུང་ལུགས་ཚགས་སུ་ཚུད་པ་དང་ལག་ལེན་དོན་ལ་འཁྱོལ་བ་བྱས་ཏེ། རླུང་འཕྲིན་གྱི་ཁྱད་ཆོས་དང་བསྟུན་ཏེ་དུས་རབས་གསར་པའི་ནང་བོད་སྐད་རླུང་འཕྲིན་གྱི་གནམ་ས་གསར་པ་གཏོད་པར་འབད་དགོས་སོ།

    (བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་ཆེད་སྒྲིག་པུའུ། དབྱངས་ཅན)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།