དེང་གི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་རྗེས་ལུས་ཅན་གྱི་སློབ་མའམ་སྦྱངས་འབྲས་ཞན་པའི་སློབ་མ་ཞེས་པའི་ཐ་སྙད་ཐོན་དང་ཐོན་བཞིན་ཡོད་ལ། སློབ་མ་དེ་ཚོར་སློབ་གྲོགས་དང་ཁྱིམ་བདག་གིས་མཐོང་ཆུང་བྱེད་པ་མ་ཟད། ཐ་ན་དགེ་རྒན་འགའ་ཞིག་གིས་ཀྱང་སློབ་མ་དེ་ཚོར་མི་དགའ་བ་དང་སུན་སྣང་བྱེད་པ་སོགས་རང་ངོས་ཀྱི་ཀུན་སྤྱོད་ལས་འགལ་བའི་འདི་དོན་བྱུང་བའི་རྒྱུ་རྐྱེན་དང་བྱ་ཐབས་རང་གི་ཤེས་ཚད་དང་སློབ་ཁྲིད་ཉམས་མྱོང་ལ་གཞིགས་ནས་གང་ཐུབ་ཀྱིས་གླེང་བར་བྱས་ཏེ་རྗེས་ལུས་ཅན་ཟེར་བའི་སློབ་མ་ཚོར་ཕན་པའི་འདུན་པ་ཆེ།
དང་པོ། རྗེས་ལུས་ཅན་གྱི་སློབ་མའི་གནས་བབ།
དེང་དུས་ཀྱི་སློབ་གསོ་སློབ་ཁྲིད་ཁྲོད་འཛིན་གྲྭ་ཚང་མར་རྗེས་ལུས་ཅན་གྱི་སློབ་མ་ཡོད་ངེས་ལ། དགེ་རྒན་རྣམ་པས་རང་འཛིན་གྲྭའི་ཆ་སྙོམས་སྐར་གྲངས་དང་ཡིག་ཚད་ཀྱི་སྐར་མ་མཐོ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས། སློབ་མ་དེ་ཚོར་གང་ཐུབ་ཅི་ཐུབ་ཀྱིས་སློབ་ཚན་ཁ་་གསབ་བྱས་ཀྱང་ཕན་ནུས་དེ་ཙམ་མི་ཐོན་པའི་དབང་གིས། སློབ་མ་དེ་དག་སློབ་ཕྲུག་ལེགས་གྲས་ཀྱི་གྲལ་ནས་ཕུད་པའམ། ཡང་ན་མཐོང་ཆུང་དང་ཟུར་ཟ་བྱེད་པ། ཡང་ན་སེམས་འཁུར་བྱེད་མཚམས་བཞག་པའམ་ཐ་ན་རྩ་བ་ནས་སྣང་འཇོག་མི་བྱེད་པ། ཁྱིམ་དུ་ཡང་རྟག་ཏུ་ཁྱིམ་བདག་གི་ཁ་རྡུང་སོགས་འཁྱེར་དགོས་པས། སློབ་སྦྱོང་བྱེད་འདོད་མེད་པར་གྱུར་བ་དང་། དགེ་རྒན་ལ་བརྩེ་བ་མེད་པ། སེམས་ཁམས་ཡིད་མུག་ཏུ་གྱུར་ནས་ལས་གང་བྱས་ཀྱང་རང་གིས་རང་ལ་ཡིད་ཆེས་མེད་པ་སོགས་ཀྱི་སྣང་ཚུལ་ཐོན་དང་ཐོན་མུས་སུ་ལགས། ཡིན་ནའང་འཇིག་རྟེན་ན་འཚོ་བའི་མི་སུ་འདྲ་ཞིག་ཡིན་རུང་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་པ་དང་། ལེགས་ལམ་དུ་འཇུག་འདོད་པ་ལས་ལོག་ལམ་དུ་འགྲོ་འདོད་པ་ནི་སུ་ཡང་མེད་པ་བཞིན་སློབ་མ་དེ་དག་ཀྱང་གཞན་གྱི་རྗེས་སུ་ལུས་འདོད་ག་ལ་ཡོད། དེར་བརྟེན་རྗེས་ལུས་སློབ་མའི་འབྱུང་རྐྱེན་དང་དེ་ཉིད་མེད་པར་བཟོ་བའི་བྱ་ཐབས་འཚོལ་ཞིབ་བྱེད་དགོས་པ་དེ་དོན་གལ་ཆེན་ཞིག་རེད།
གཉིས་པ། རྗེས་ལུས་ཅན་གྱི་སློབ་མ་ཐོན་པའི་རྒྱུ་རྐྱེན་བརྗོད་པ།
(དང་པོ།)སློབ་མ་རང་ངོས་དང་འབྲེལ་བ་ཡོད་པ།
1. སློབ་སྦྱོང་གི་རྨང་གཞི་ཞན་པ། སློབ་མ་གཞན་གྱིས་ཤེས་པའི་ཤེས་བྱ་སློབ་མ་དེ་དག་གི་མི་ཤེས་པ་དང་། སློབ་མ་གཞན་གྱིས་གོ་ཐུབ་པའི་ནང་དོན་སློབ་མ་དེ་དག་གིས་གོ་བ་ལེན་མི་ཐུབ་པ།
2. སློབ་མའི་རང་ངོས་ཀྱི་རྣམ་དཔྱོད་དམ་རིག་སྟོབས་ཞན་པ།
3. བློ་འཛིན་གྱི་ནུས་པ་ཞན་པ་སྟེ། ཐེངས་མང་བཀླགས་ཀྱང་བློར་འཛིན་མི་ཐུབ་པ་མ་ཟད། ཡང་སྒོས་སྐད་ཡིག་སློབ་ཚན་གྱི་སྦྱངས་འབྲས་ཞན་པ།
4. སློབ་མ་རང་ངོས་ཀྱི་སློབ་སྦྱོང་བྱེད་པའི་གོམས་གཤིས་ཞན་པ་དང་བརྩོན་སེམས་ཀྱི་བློ་ཁུམས་པ།
5. སློབ་མ་རང་ངོས་ཀྱི་དགའ་ཕྱོགས་དང་ཁྱད་ཆོས་དང་འབྲེལ་བ་ཡོད་པ་སྟེ། སློབ་མ་འགའ་ཞིག་ཀློག་པར་དགའ་བས་ལོ་རྒྱུས་དང་སྐད་ཡིག་སློབ་ཚན་གྱི་ཤེས་ཚད་ཡག་པོ་ཡོད་པ་དང་། འགའ་ཞིག་བསམ་བློ་གཏོང་བར་དགའ་བས་རྩིས་རིག་དང་དངོས་ཁམས་སོགས་རང་བྱུང་རིག་པའི་སློབ་ཚན་གྱི་སྦྱངས་འབྲས་ཡག་པོ་ཡོད་པ། འགའ་ཞིག་ལུས་རྩལ་དང་། རོལ་དབྱངས། རི་མོ་སོགས་ལ་དགའ་བ་ལས་སློབ་མ་དེ་དག་གང་ལ་ཡང་མི་དགའ་ལ་ཚང་མའི་སྦྱངས་འབྲས་ཞན་པ་དེ་འདྲ་རྩ་བ་ནས་མིན།
(གཉིས་པ།)དགེ་རྒན་དང་འབྲེལ་བ་ཡོད་པ།
1. དགེ་རྒན་གྱི་སློབ་ཁྲིད་བྱ་ཐབས་མི་འདང་བ། དེ་ཡང་སློབ་ཁྲིད་སྐབས་དགེ་རྒན་རང་ངོས་ཀྱི་སློབ་ཁྲིད་འཆར་གཞི་བཞིན། ཁྲིད་རྐྱང་དང་ཤོད་རྐྱང་བྱེད་པ་ལས། སློབ་མ་དང་བསམ་བློ་བརྗེ་རེས་དང་སློབ་མའི་བསམ་ཚུལ་ཉན་པ། སློབ་མ་གཙོ་བོར་བཟུང་བ་སོགས་ཀྱི་ཁོར་ཡུག་གམ་ཆ་རྐྱེན་བསྐྲུན་པའི་ཐབས་ལམ་ཞན་པ།
2. བསླབ་ཚན་ཁག་ཅིག་གི་སློབ་ཁྲིད་ནང་དོན་གོ་དཀའ་བའམ་སློབ་མའི་ལོ་ན་དང་སེམས་ཁམས་དང་དེ་ཙམ་འཚམ་པོ་མེད་ཀྱང་བླང་དོར་མེད་པར་སློབ་ཚན་དུ་ཇི་ཡོད་ཁྲིད་རྐྱང་བྱས་པས་སློབ་ཚན་ཉན་འདོད་ཀྱི་བསམ་པ་དང་སློབ་སྦྱོང་གི་སྤྲོ་སྣང་ཉམས་པ།
3. དགེ་རྒན་འགའ་ཞིག་གིས་རང་གི་ཆེད་ལས་དང་བྲལ་ནས་སློབ་ཚན་ཁྲིད་པའི་རྐྱེན་གྱིས་ཆེད་ལས་ཀྱི་བྱང་ཚད་ཞན་པའི་ཁར་བསླབ་གཞིའི་ནང་དོན་ལ་རྒྱུས་མངའ་ཡག་པོ་མེད་པ་དང་། སློབ་མས་བཏོན་པའི་དྲི་བའམ་དོགས་གནད་ཁག་ལ་རྣག་ཐོག་གཙག་འཁེལ་གྱིས་ལན་འདེབས་མ་ཐུབ་པས་སློབ་མ་འགས་བརྩི་བཀུར་མི་བྱེད་པ།
4. དགེ་རྒན་རང་ངོས་ཀྱི་བསམ་བློ་ཀུན་སྤྱོད་ཞན་པ་སྟེ། དེ་ཡང་དགེ་རྒན་ཁག་གཅིག་རང་ངོས་ཀྱི་ལས་གནས་ལ་དགའ་ཞེན་མེད་པ་དང་། འགན་འཁྲིའི་བསམ་པ་ཞན་པ། ཉི་མ་གང་འཁྱོལ་བྱེད་པ་བཅས་སློབ་མའི་མདུན་དུ་རང་དཔེ་གཞན་སྟོན་གྱི་ནུས་པ་འདོན་མི་ཐུབཔ།
5. སྦྱངས་འབྲས་ཞན་པའི་སློབ་མ་དེ་དག་ལ་དགེ་རྒན་དང་ཁྱིམ་བདག་གིས་དུས་རྟག་ཏུ་སློབ་གྲོགས་སམ་ཡང་ན་སྤུན་མཆེད་འཛོམས་སར་གཤེ་གཤེ་དང་། དམའ་འབེབས། མཐོང་ཆུང་། ཁ་རྡུང་། ཐ་ན་སྐབས་སྐབས་སུ་ཉེས་རྡུང་གཏོང་བ།
(གསུམ་པ) ཁྱིམ་བདག་དང་འབྲེལ་བ་ཡོད་པ།
1. དེང་གི་དུས་སུ་ཕྲུ་གུའི་ཁྱིམ་བདག་མང་ཆེ་བ་ལས་བྲེལ་ཆེ་བའི་རྐྱེན་གྱིས་ཕྲུ་གུའི་སེམས་ཁམས་ལ་རྒྱུས་མངའ་བྱ་རྒྱུ་མི་འདང་བ་དང་། ཕྲུ་གུའི་འཚོ་བར་ལྟ་རྟོག་དང་ཐུགས་ཁུར་བྱ་རྒྱུ་མི་འདང་བ། ཕྲུ་གུའི་ལོ་ནའི་ཁྱད་ཆོས་དང་འཚམ་པའི་སློབ་གསོ་རྒྱག་རྒྱུ་མི་འདང་བ། ཕྲུ་གུར་ཀུན་སྤྱོད་ཀྱི་མིག་དཔེ་འདོན་རྒྱུ་ལྟ་ཅི། ཁྱིམ་བདག་འགའ་ཞིག་རང་ངོས་ཀྱི་ཀུན་སྤྱོད་ཞན་པ་སོགས་ཁྱིམ་ཚང་སློབ་གསོ་ལྷོད་གཡེང་ཤོར་བ།
2. ཁྱིམ་ཚང་མང་པོ་ཞིག་གི་ཁྱིམ་བདག་གིས་ནམ་རྒྱུན་ནས་སྐུལ་ལྕག་དང་སློབ་གསོ་མི་རྒྱག་པར་ཡིག་རྒྱུགས་ཀྱི་སྐར་གྲངས་མི་ལོན་པའི་སྐབས་རྒྱུ་རྐྱེན་ལ་དབྱེ་ཞིབ་མི་བྱེད་པར་འཕྲལ་དུ་ཉེས་རྡུང་དང་གཤེ་གཤེ་གཏོང་བ།
3. ཁྱིམ་ཚང་གི་ཁོར་ཡུག་ཡག་པོ་མེད་པ་སྟེ། ཁྱིམ་དུ་བཟའ་མི་གཉིས་རྟག་ཏུ་ཕྲུ་གུས་མཐོང་སར་ཁ་རྩོད་དང་ཐ་ན་འཛིང་རེས་བྱེད་པ། བཟའ་མི་གཉིས་ཁ་བྲལ་བ་ལས་ཕྲུ་གུར་ལྟ་སྐྱོང་དང་བྱམས་སྐྱོང་མི་འདང་བ་སོགས་ལས་སློབ་མ་དེ་ཚོའི་ལུས་སེམས་འཚར་ལོངས་ལ་ཤུགས་རྐྱེན་ངན་པ་ཐེབས་ནས་སློབ་ཚན་འཚོགས་སྐབས་བློ་གཅིག་ཏུ་མི་གནས་པ་དང་། སློབ་སྦྱོང་ལ་མི་དགའ་བ། སློབ་སྦྱོང་གི་སྦྱངས་འབྲས་ཞན་པ་སོགས་སུ་གྱུར་བ་མ་ཟད། འགའ་ཞིག་དགེ་རྒན་དང་། ཕ་མ། སྤྱི་ཚོགས་ལའང་མི་དགའ་བར་གྱུར་ནས་ལོག་ལམ་དུ་ཞུགས་ཀྱི་ཡོད།
གསུམ་པ། རྗེས་ལུས་ཅན་གྱི་སློབ་མར་འགྱུར་བ་གཏོང་ཐབས།
དེ་ཡང་ཇི་ལྟར་བྱས་ནས་རྗེས་ལུས་ཅན་གྱི་སློབ་མ་འགྱུར་ལྡོག་གཏོང་ངམ་ཞེ་ན། སྔོན་ལ་སློབ་མ་སོ་སོའི་གཤིས་རྒྱུད་ལ་རྒྱུས་མངའ་བྱས་རྗེས། དེ་ནས་གོང་གསལ་གྱི་རྒྱུ་རྐྱེན་ལ་གཞིགས་ནས་དེ་ལ་དེ་བསྟུན་གྱི་བྱ་ཐབས་སྤྱད་ན་ལེགས་པར་སེམས་སོ།
1. རྨང་གཞི་ཞན་པའི་སློབ་མར་རྒན་ལགས་ཀྱིས་དང་ཐོག་སློབ་མ་དེ་ཚོར་སློབ་ཚན་གང་གི་རྨང་གཞི་ཞན་ཙམ་ཡོད་པ་ཤེས་རྟོགས་བྱས་རྗེས། གཞི་ནས་དམིགས་ཡུལ་ཡོད་པའི་སྒོ་ནས་ཟུར་ཁྲིད་དང་སློབ་ཚན་ཁ་གསབ་བྱས་ན་ལེགས་སྙམ།
2. རིག་སྟོབས་དང་བློར་འཛིན་ནུས་པ་ཅུང་ཞན་ཙམ་ཡོད་པའི་སློབ་མར་རྒན་ལགས་ནས་མཐོང་ཆུང་དང་ཟུར་ཟ་མེད་པར་གཞན་ལས་ལྷག་པར་ལྟ་སྐྱོང་དང་བྱམས་སྐྱོང་གིས་སློབ་མ་གང་དེའི་སེམས་ཁམས་དང་མཐུན་པའི་སྐུལ་ལྕག་གི་ཚིག་གང་མང་གནང་དགོས་པ་མ་ཟད། སློབ་མ་གཞན་ལའང་དེ་ལྟར་སྐུལ་མ་གནང་དགོས།
3. དགེ་རྒན་རང་ངོས་ཀྱི་ཆེད་ལས་བྱང་ཚད་གོང་མཐོར་གཏོང་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཏུ་མངོན་གྱི་འདུག་ལ། དགེ་རྒན་རང་ངོས་ཀྱི་ཆེད་ལས་བྱང་ཚད་དེ་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྟུན་ནས་གོང་མཐོར་གཏོང་བ་ལས་རྙིང་ཞེན་བག་ཁུམས་དེ་བས་བྱེད་མི་རུང་བའོ།
4. དགེ་རྒན་ཚོར་རང་རྒྱུད་ལ་ཡ་རབས་སྤྱོད་བཟང་དང་ལྷག་བསམ་རྣམ་དག་གི་བསམ་པ་ལྡན་དགོས་ལ། ཡང་སྒོས་སློབ་མའི་མདུན་དུ་རང་དཔེ་གཞན་སྟོན་གྱི་ནུས་པ་ཐོན་པ་བྱེད་དགོས།
5. ཁྱིམ་བདག་དང་འབྲེལ་བ་དམ་ཟབ་བྱེད་དགོས་པ་དེ་ཡང་གལ་འགངས་ཆེ་བའི་དོན་ཞིག་རེད། ལྷག་པར་དུ་ཕྲུ་གུར་ལྟ་རྟོག་དང་། བྱམས་སྐྱོང་། ཐུགས་ཁུར་དེ་ཙམ་མི་བྱེད་པའི་ཁྱིམ་བདག་དང་འབྲེལ་བ་མང་ཙམ་བྱེད་པ་སྟེ། ཁོང་རྣམ་པའི་བུ་ཕྲུག་སློབ་གྲྭར་གཏོང་བའི་རེ་བ་དང་། དམིགས་ཡུལ། ཕྲུ་གུར་ལྟ་རྟོག་དེ་ཙམ་མི་ཡོང་བའི་རྒྱུ་རྐྱེན། སློབ་གྲྭ་དང་ཇི་ལྟར་འབྲེལ་བ་བྱས་ན་ལེགས་པ་སོགས་ལ་བགྲོ་གླེང་བྱས་ནས་སློབ་མ་དེ་ཚོའི་ཁྱིམ་ཚང་གི་ཁོར་ཡུག་ལ་ཤེས་རྟོགས་དང་རྒྱུས་མངའ་ཡོང་བ་བྱེད་དགོས།
མདོར་ན། སློབ་མའི་སྦྱངས་འབྲས་ལེགས་ཞན་ལ་གཡོལ་དུ་མེད་ལ། སློབ་མའི་ཀུན་སྤྱོད་བཟང་ངན་ལའང་གཡོལ་ཐབས་རྩ་བ་ནས་མེད། གལ་ཆེ་ཤོས་ནི་རྗེས་ལུས་ཅན་གྱི་སློབ་མ་ཟེར་ནས་དགེ་སློབ་ཚང་མས་མཐོང་ཆུང་དང་། ཟུར་ཟ། གྲལ་མཐར་ཕུད་པ་སོགས་ཀྱི་བྱེད་སྟངས་ངན་པ་དེ་འབྱུང་རྩ་ནས་མེད་པར་བཟོས་ན། སྦྱངས་འབྲས་ཞན་པའི་སློབ་མ་གང་དེ་ནམ་ཞིག་གི་ཚེ། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་ལ། སྦྱངས་འབྲས་ཞན་པས་ཀུན་སྤྱོད་ཞན་པ་མི་མཚོན་ལ། སློབ་སྦྱོང་གི་དམིགས་ཡུལ་ནི་སློབ་མའི་ཀུན་སྤྱོད་ལེགས་ལམ་དུ་འཁྲིད་རྒྱུ་དེ་ཡིན་པས། སྦྱངས་འབྲས་ཁོ་ནར་བསྟུན་དྲག་རྒྱུ་མེད་པའོ།
(ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་བོད་ཡིག་སློབ་དཔྱོད་ཚོགས་ཆུང་གི་ཟླ་ཚེ་ཆུང་བས)