གྲགས་ཅན་མཁས་པ་ཐོ་ཨར་སེ་ཐས“སློབ་གསོ་ལེགས་འགྲུབ་བྱེད་པར་བཙན་སྐུལ་བྱ་རྒྱུ་མ་ཡིན་པར། སློབ་ཕྲུག་གི་སྤྲོ་སྣང་འཕེལ་ཐབས་བྱ་རྒྱུ་དེ་ཡིན”ཞེས་གསུངས་པ་ལྟར། མི་ཞིག་ལ་སྤྲོ་སྣང་ལྡན་ན་རང་གི་བསྒྲུབ་བསམ་པའི་ལས་ཀ་དང་། སློབ་སྦྱོང་གང་ཡིན་རུང་དེ་ལ་བརྩོན་སེམས་དང་ནུས་ཤུགས་ཡོད་རྒུ་འདོན་འདོད་པས་གྲུབ་འབྲས་ཀྱང་ལེགས་པོ་ཐོབ་ཐུབ། “སྤྲོ་སྣང་ནི་དགེ་རྒན་རྩེ་གྲ་ཞིག་ཡིན” “སྤྲོ་སྣང་ནི་མི་ཞིག་འཚར་ལོངས་ཡོང་བར་རྩིག་པའི་རྨང་རྡོ་ལྟ་བུ་རེད” “ལེགས་འགྲུབ་ཐུབ་མིན་གྱི་ཐབས་མཆོག་ནི་སྤྲོ་སྣང་རེད”ཅེས་པ་སོགས་སྔོན་བྱོན་མཁས་པའི་ཞལ་གདམས་མང་དག་ལས་སྐྱེ་བོ་ཞིག་གི་དེང་དུས་དང་འབྱུང་འགྱུར་གང་ཞིག་སྦྱངས་བ་དང་། ཅི་ཞིག་མི་སྦྱོང་བ་ནི་རྒྱུན་པར་རང་སྒེར་གྱི་དགའ་སྣང་གིས་གཏན་འཁེལ་བྱེད་ཀྱི་ཡོད། ལྷག་པར་དུ་ན་ཆུང་སློབ་མའི་དགའ་སྣང་གིས་མི་ཚེ་ཧྲིལ་པོའི་ལས་རིགས་གདམ་ག་དང་དམིགས་ཚད་མངོན་འགྱུར་ཡོང་བར་གལ་ཆེའི་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེང་གི་ཆ་འདིར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན། དོན་དངོས་འཚོ་བའི་ནང་ན་ཆུང་སློབ་མ་ཚོར་ཕུན་སུམ་ཚོགས་པའི་སྤྲོ་སྣང་སྣ་ཚོགས་ལྡན་ཡོད་མོད། འོན་ཀྱང་སློབ་ཕྲུག་མི་ཉུང་བ་ཞིག་ལ་ཕ་མ་དང་དགེ་རྒན་ཚོས་སློབ་སྦྱོང་གི་གནོན་ཤུགས་ཆེན་པོ་སྤྲད་རྐྱེན་ཁོང་ཚོའི་སློབ་སྦྱོང་གི་སེམས་ཤུགས་ཇེ་ཉམས་དང་། ཐ་ན་སློབ་སྦྱོང་ལ་སུན་སྣང་སྐྱེ་བའི་སྣང་ཚུལ་ངམ་ཤུགས་སུ་མངོན་བཞིན་མཆིས། དེས་ན། སློབ་ཆུང་སློབ་མའི་སློབ་སྦྱོང་སྤྲོ་སྣང་འཕེལ་ཐབས་བྱ་རྒྱུ་ནི་ང་ཚོ་དགེ་བའི་བཤེས་གཉེན་ཚོའི་ཕྲག་སྟེང་དུ་བབས་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་གྱུར།
འོ་ན། ཇི་ལྟར་བྱས་ནས་སློབ་ཆུང་སློབ་མར་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱེད་དགོས་ཤེ་ན།
གཅིག སློབ་ཁྲིད་དངོས་ཀྱི་ཁྲོད་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱེད་དགོས།
ཐོག་མར་དགེ་རྒན་གྱི་ངོས་ནས་སློབ་མར་སློབ་སྤྱོང་བྱེད་པའི་དམིགས་ཡུལ་ཁ་གསལ་གསུངས་ཐོག་རྟག་ཏུ་ན་ཆུང་སློབ་མའི་མཚར་སྣང་དང་། འདྲི་དགའ། འགུལ་དགའི་ཁྱད་ཆོས་ལ་གཞིགས་ནས། རྒྱུན་ཆད་མེད་པར་སློབ་ཁྲིད་ཐབས་ཤེས་ལ་སྒྱུར་བཅོས་བཏང་སྟེ། འཁྲིད་བྱའི་ནང་དོན་གཙོ་བོར་བཟུང་ཐོག་འབྲེལ་ཡོད་དཔེ་དང་སྒྲུང་། དགོད་གཏམ་དང་གཞས་ཚིག དངོས་ཡོད་དང་འཆར་སྣང་། མཚར་གཏམ་དང་བསྟན་བཤིག་སོགས་གང་ཐུབ་ཟུང་འབྲེལ་གྱིས་སློབ་ཚན་གསོན་ཉམས་དང་སྤྲོ་སྣང་ལྡན་པར་འཁྲིད་དགོས། དེ་ལྟར་བྱུང་ཚེ་རིག་ཚན་གྱི་ནང་དོན་ཉན་སྤྲོ་བས། སློབ་མ་ཚོའི་སྦྱོང་འདོད་ཀྱི་སེམས་ཤུགས་ལྡབ་འཕར་བྱུང་ནས་སྦྱངས་བྱའི་དོན་རྣམས་ཉིན་རེ་བཞིན་ཁོང་དུ་ཆུད་ཐུབ་པ་བྱུང་སྟེ་སྦྱངས་འབྲས་ཀྱང་ཇེ་ལེགས་སུ་འགྲོ་ཐུབ།
གཉིས། སྦྱོང་ཚན་བཟོ་བཅོས་ཀྱི་དཔྱད་གཏམ་ཐད་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱེད་དགོས།
དགེ་རྒན་གྱིས་སློབ་མར་དཀའ་སླ་རན་ཞིང་མང་ཉུང་རན་པ། གཙོ་གནད་འབུར་དུ་ཐོན་ཞིང་བསམ་གཞིག་ནུས་པ་ལྡན་པའི་སྦྱོང་ཚན་བཀོད་སྒྲིག་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ་ཞིང་། ལྷག་དོན་དུ་སྦྱོང་ཚན་དུས་ཐོག་ཏུ་ལེགས་བཅོས་དང་། བཅོས་རྗེས་ཀྱི་དཔྱད་གཏམ་ལ་གཙིགས་ཆེན་བྱ་རྒྱུ་ནི་སློབ་མས་སློབ་སྦྱོང་ལ་དད་ཞེན་ཐུབ་མིན་གྱི་འགག་གནད་ཅིག་ཡིན། དཔེར་ན། རྒན་ལགས་ཚོས་རྒྱུན་གཏན་སྦྱོང་ཚན་བཅོས་རྗེས་དཔྱད་གཏམ་ཐད་“ཁྱེད་ནི་འདི་འདྲའི་ནན་ཏན་ཆེ་བ་ལ་ཨང”“ཡིག་གཟུགས་སྙོམས་ཤིང་དག་ལ་ནང་དོན་ཕུན་སུམ་ཚོགས” “ཡར་རྒྱས་ཤིན་ཏུ་ཆེ” “ཁྱེད་ཀྱི་སྦྱོང་ཚན་གྱིས་རྒན་ལགས་འདོད་བློ་ཡོངས་སུ་ཁེངས” “སྤྱང་གྲུང་ལྡན་པའི་སློབ་མའི་སྦྱོང་གཞིར་ལྷག་པར་ལྟ་འདོད་ཆེ”“སྦྱོང་གཞི་ག་དུས་བྲིས་ཀྱང་འདི་འདྲའི་གཟབ་ནན་ཆེ་བ་ལ་ཨང” “བུ། ཁྱེད་རང་གིས་ཧུར་བརྩོན་བྱས་པ་རྒན་ལགས་ཀྱིས་ཤེས་ཀྱི་འདུག” “ཁྱེད་རང་གིས་བྲིས་པའི་སྦྱོང་ཚན་ལ་དགེ་སློབ་ཚང་མ་ཡིད་སྨོན་སྐྱེ་བཞིན་འདུག”“ཁྱེད་ཀྱི་ཡར་རྒྱས་ནི་ཕ་མའི་སེམས་གསོ་ལེགས་ཤོས་དེ་རེད”སོགས་ལྟ་བུ་ཡར་སྐུལ་དང་སེམས་ཤུགས་སྐྱེད་པའི་བསླབ་སྟོན་གྱི་དཔྱད་ཚིག་སྤེལ་ན་སློབ་ཕྲུག་ཚོར་རང་གི་རང་ལ་ཡིད་ཆེས་དང་རྒྱལ་ཁའི་སྤོབས་སེམས་ཞིག་རང་བཞིན་དུ་སྐྱེ་ནས་སློབ་སྦྱོང་ལ་ཞུགས་པའི་སྤྲོ་བ་ངང་གིས་འཕེལ་ཐུབ། གཞན་ཡང་། དཔྱད་ཡིག་མ་བྲིས་ཀྱང་། སྐར་མ་དང་། མེ་ཏོག དར་དམར། འཛུམ་ཞལ་སོགས་ཀྱི་སྟབས་བདེའི་རི་མོ་སྤྱད་དེ་སྐུལ་ལྕག་བཏང་ནའང་ཁོང་ཚོར་སློབ་སྦྱོང་བྱེད་པའི་སེམས་ཤུགས་དང་སྤྲོ་སྣང་སྐྱེད་སྲིང་བྱེད་ཐུབ།
གསུམ། བསྔགས་བརྗོད་ཀྱི་ཐོག་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱེད་དགོས།
“བུ་ཕྲུག་ཡག་པོ་ནི་བསྔགས་བརྗོད་བྱས་ཏེ་བྱུང་།”ཞེས་པ་ལྟར་ང་ཚོ་དགེ་བའི་བཤེས་གཉེན་ཚོས་རྟག་ཏུ་སློབ་ཕྲུག་ཚོའི་ལེགས་ཆ་མཐོང་བ་བྱ་རྒྱུ་དང་སྦྲགས་ལེགས་ཆར་བསྟོད་བསྔགས་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་གནད་དུ་བརྩིས་ཐོག བསྟོད་བསྔགས་བྱེད་སྟངས་ཐད་གནད་ལ་འཕིགས་པ་དང་། ཁྱད་ཆོས་ལྡན་པ་བྱུང་ན། གཞི་ནས་ཁོང་ཚོའི་བློ་ངོར་རྒན་ལགས་ཀྱི་བསྔགས་བརྗོད་ངོ་མ་ཡིན་པ་དང་། སེམས་ཁོང་རུས་པའི་གཏིང་ནས་ཡིན་པ། ཁ་ཞེ་གཉིས་མེད་ཡིན་པ་མྱོང་ཐུབ་ལ། སེམས་གཏིང་ནས་བྱུང་བའི་སྤྲོ་བའི་སྐུལ་སློང་གིས་ཁོང་ཚོས་སློབ་སྦྱོང་ལ་འཛིན་པའི་རྣམ་འགྱུར་ཡང་ཇེ་ལེགས་སུ་འགྲོ་ངེས། ལྷག་པར་རྒན་ལགས་ཚོས་སློབ་ཕྲུག་ཚོའི་སློབ་སྦྱོང་གི་སེམས་ཤུགས་སྔོགས་འདོན་བྱས་ཏེ། ཁོང་ཚོའི་ཕུན་སུམ་ཚོགས་པའི་འཆར་སྣང་དང་། ཁྱད་མཚར་བའི་བསམ་ཚུལ། དྲང་བདེན་དང་ཤོད་ཕོད་ཀྱི་འདུ་ཤེས་ལ་དུས་ཐོག་ཏུ་གདེང་འཇོག་དང་ཡིད་སྨོན་གྱི་སྤྱན་བརྡ་དང་། ཕྱག་བརྡ། བསྟོད་ཚིག་སོགས་འབུལ་ཐུབ་ན། ཁོང་ཚོར་སློབ་སྦྱོང་གི་སྤྲོ་སྣང་དེ་བས་མང་བ་སྐྱེད་སྲིང་བྱ་ཐུབ།
བཞི། ལྷད་མེད་བརྩེ་སེམས་བཅངས་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱེད་དགོས།
རྒྱུན་པར་རྒན་ལགས་ཚོས་སློབ་མའི་ཁྲོད་དུ་མང་ཙམ་བསྐྱོད་དེ་སློབ་མ་དང་འབྲེལ་འདྲིས་དམ་ཟབ་ཀྱིས་ཁོང་ཚོའི་དགའ་སྣང་དང་། སློབ་སྦྱོང་། ཁྱིམ་ཚང་གི་གནས་ཚུལ་སོགས་ཀྱི་སྐོར་གླེང་མོལ་མང་ཙམ་བྱས་ཏེ་ཁོང་ཚོར་ཁོར་ཡུག་གང་འདྲ་ཞིག་དང་། དགེ་རྒན་གང་འདྲ་ཞིག གྲོགས་པོ་གང་འདྲ་ཞིག ཆ་རྐྱེན་གང་འདྲ་ཞིག་གི་དགོས་མཁོ་ཡོད་མེད་ཤེས་རྟོགས་བྱས་ནས་དེ་དག་སྐོང་གང་ཐུབ་དང་། ལྷག་པར་རིག་དམན་སློབ་མ་དང་། གཞིས་ལུས་སློབ་མ། དེ་བཞིན་རྗེས་ལུས་སློབ་མ་སོགས་ཀྱི་སློབ་སྦྱོང་ཐད་ཤ་ཚའི་རོགས་རམ་དང་མཛུབ་སྟོན་གྱིས་ཁོང་ཚོའི་སེམས་ཁོང་གི་ཁུར་པོ་ལྗིད་པོ་དེ་འབེབས་གང་ཐུབ་བྱས་ཏེ་དགེ་སློབ་དབར་གཡོ་ཟོལ་མེད་པའི་ལྷད་མེད་ཀྱི་བརྩེ་སེམས་བཅངས་ཚེ། སློབ་མའི་སེམས་ནང་དགེ་རྒན་འདི་ནི་ངའི་དགེ་རྒན་ཡག་ཤོས་ཤིག་དང་། བརྩེ་ཤོས་ཤིག སྙིང་ཉེ་ཤོས་ཀྱི་གྲོགས་པོ་བློས་ཐུབ་ཅིག་རེད་སྙམ་ནས་དགེ་རྒན་འདི་ཉིད་ཀྱི་འཁྲིད་བྱའི་རིག་ཚན་ལ་དགའ་ཞེན་དང་། དེར་འཇུག་པའི་སྤྲོ་སྣང་དང་སེམས་ཤུགས་ཡར་ངོའི་ཟླ་བཞིན་འཕེལ་ཐུབ་ལ། རིམ་བཞིན་རིག་ཚན་གཞན་ནམ་ཤེས་ཡོན་སྣ་ཚོགས་སྦྱོང་འདོད་ཀྱི་དང་ག་འབྱེད་ཐུབ།
མདོར་ན། སློབ་ཆུང་སློབ་མར་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ལྡན་ཚེ། ཕ་མས་སྐུལ་འདེད་དང་དགེ་རྒན་ཚོས་ཚ་འདེད་གཏོང་མི་དགོས་པར་ཁོང་ཚོས་སོ་སོ་རང་ཉིད་ཀྱིས་རང་འགུལ་ངང་དུས་ཚོད་འཚོལ་དང་། དཀའ་ངལ་ཁྱད་བསད། ཐབས་བརྒྱ་ཇུས་སྟོང་གིས་རང་དགོས་ཤེས་ཡོན་གྱི་རྒྱ་མཚོར་བདེ་བླག་ངང་རོལ་ཐུབ་པས། ངེད་ཚོའི་རླབས་ཆེན་སློབ་གསོའི་བྱ་བར་གཡུར་ཟའི་འབྲས་བུ་ཐོབ་རྒྱུ་སྨོས་མེད་རེད་ལ། མེས་རྒྱལ་གྱི་མ་འོངས་པའི་བདག་པོ་རྣམས་དེ་བས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་གདོན་མི་ཟའོ།།
(རྒྱལ་རྩེ་རྫོང་སློབ་ཆུང་དང་པོའི་མིག་དམར་བསོད་ནམས་ཀྱིས)