དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཆུང་སློབ་མའི་བོད་ཡིག་རྩོམ་འབྲིའི་ནུས་པ་གསོ་སྐྱོང་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-04

    སློབ་ཆུང་རྩོམ་ཡིག་སློབ་ཁྲིད་བྱ་རྒྱུའི་ནང་དོན་ཐད་ངག་ཐོག་གི་བརྗོད་པ་དང་ཡིག་ཐོག་གི་བརྗོད་པ་བཅས་བརྒྱུད་རིམ་རྨང་གཞི་གཉིས་ལས་གྲུབ་ཡོད། ངག་ཐོག་གི་བརྗོད་པ་ནི་སློབ་ཆུང་ལོ་རིམ་དང་པོ་ནས་གསུམ་པའི་བར་ལ་དམིགས་ནས་བཤད་པ་ཡིན་ཅིང་། སྐབས་དེའི་སློབ་མ་ནི་ཧ་ལམ་ལོ་བདུན་ནས་བཅུའི་གཡས་གཡོན་ཡིན་པ་དང་། ཁོ་ཚོའི་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཞན་ལ་ཁྱད་པར་དུ་ཕྱི་རོལ་ཡུལ་གྱི་བྱ་དངོས་དང་འབྲེལ་བ་འཛུགས་པའི་སྒོ་ཐོག་མ་ཡིན་སྟབས། དགའ་སྐྱོ་ཆགས་སྡང་གི་ཚོར་སྣང་ངག་ཐོག་ནས་བརྗོད་མི་ཤེས་པས་དགེ་རྒན་གྱིས་གོ་རིམ་དང་ལྡན་པའི་སྒོ་ནས་སློབ་མའི་སྐད་ཆ་ཤོད་པའི་ནུས་པ་གསོ་སྐྱོང་བྱ་ཕྱིར་ངག་ཐོག་ནས་བརྗོད་པ་བཟོ་བའི་སྦྱོང་བརྡར་སྤྲོས་དགོས་པའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཞིག་ཡིན་ལ། སློབ་མ་རྣམས་རྩོམ་འབྲིའི་ལམ་དུ་འཇུག་པའི་རྩ་བའི་རྨང་གཞི་འཛུགས་པའི་བརྒྱུད་ལམ་ཞིག་ཀྱང་རེད། ཡིག་ཐོག་གི་བརྗོད་པ་ནི་གཙོ་བོ་སློབ་ཆུང་མཐོ་རིམ་འཛིན་གྲྭའི་སློབ་མར་དམིགས་ནས་བརྗོད་ཀྱི་ཡོད་ཅིང་། ཁོ་ཚོར་སྤྱི་ཚོགས་འཚོ་བའི་རྒྱུས་མངའ་ཅུང་ཟད་ཐོབ་པ་དང་བྱ་དངོས་ལ་བསམ་བློ་གཏོང་ཤུགས་ཆེ་རུ་སོང་བས་སྟབས་བདེའི་བརྗོད་པ་བཟོ་ཐུབ་པ་མ་ཟད་གནས་ཚུལ་དབྱེ་ཞིབ་དང་སྐད་ཆ་ཤོད་པའི་ནུས་པ་ཅུང་ཟད་ལྡན་མོད། ངག་ཐོག་གི་བརྗོད་པ་ཡིག་ཐོག་གི་ཚིག་གི་སྦྱོར་བ་ལ་བརྟེན་ནས་རྩོམ་ཡིག་ལམ་དུ་འཇུག་ཐབས་ཀྱིས་སློབ་མའི་རྩོམ་ཡིག་གི་རྨང་གཞི་འདིང་བཞིན་རྩོམ་ཡིག་སློབ་ཁྲིད་ཀྱི་བསླབ་གཞིའི་རེ་བ་བསྒྲུབ་དགོས་པས་སློབ་ཁྲིད་དགེ་རྒན་དང་སློབ་མ་མང་པོ་ཞིག་དཀའ་གནད་དེ་ལས་སྒྲོལ་མི་ཐུབ་པའི་གནད་དོན་འཕྲད་བཞིན་ཡོད། དེས་ན། འདིར་ཁོ་བོས་ལོ་མང་སློབ་ཆུང་བོད་ཡིག་སློབ་ཁྲིད་དང་ཡང་སྒོས་རྩོམ་འབྲིའི་ཤེས་བྱ་སློབ་ཁྲིད་བྱས་པའི་ཁྲོད་ཀྱི་མྱོང་འཆར་འགའ་ཞུ་བ་ལགས་ཏེ།

    དང་པོ། རྩོམ་ཡིག་འབྲི་བའི་མོས་པ་སྐྱེད་སྲིང་དང་གོམས་གཤིས་གསོ་དགོས་པ།

    སློབ་གསོ་མཁས་ཅན་ཞིག་གིས“རིག་སྟོབས་ཀྱི་ལས་ཀ་ཡོད་དོ་ཅོག་མོས་པ་ལ་བརྟེན་དགོས”ཞེས་གསུངས་པ་ལྟར། ལས་གང་དང་ཅི་ཡིན་རུང་སྔོན་ལ་དེར་དགའ་སྣང་གི་བློ་དང་མོས་པ་སྐྱེ་དགོས་པ་དང་། མོས་པ་བྱུང་བའི་རྨང་གཞིའི་འོག་གཞི་ནས་དགའ་ཞེན་གྱི་དང་བ་འདྲེན་ཐུབ་པ་ཡོང་གི་ཡོད་པས། དགེ་རྒན་ཚོས་སློབ་ཚན་ཁྲིད་པའི་སྐབས་སློབ་དེབ་ནང་གི་ལེགས་རྩོམ་དང་སློབ་ཆུང་སློབ་མས་དགའ་པོ་བྱེད་ལ། བསླབ་གཞིའི་རེ་བ་དང་མཐུན་པའི་བོད་རིགས་ཀྱི་སྒྲུང་གཏམ《ཨ་ཁུ་སྟོན་པ》དང་། 《ཉི་ཆོས་བཟང་པོ》 《མི་རོ་རྩེ་སྒྲུང》སོགས་དཔེ་མཚོན་ལྡན་པའི་ཕུལ་བྱུང་རྩོམ་ཡིག་གང་མང་མང་མཚམས་སྦྱོར་དང་ངོ་སྤྲོད་བྱས་ཏེ་ཁོ་ཚོ་རྩོམ་ཡིག་དེ་དག་ལ་ལྟ་འདོད་ཀྱི་བློ་ཁ་ཕྱོགས་པ་དང་འཆར་སྣང་ཕུན་སུམ་ཚོགས་པའི་བྱིས་སྒྲུང་གི་འཇིག་རྟེན་ཞིག་དུ་འཁྲིད་ཐུབ་པ་བྱས་ཐོག སློབ་ཆུང་བསླབ་གཞིའི་ནང་གི་ལད་མོའི་རྩོམ་ཡིག་འབྲི་ཐབས་སོགས་རྩོམ་ཡིག་ཁྲིད་སྟོན་གྱི་རིགས་པའི་གཞུང་ལུགས་དང་ལག་པ་འགུལ་ནས་རྩོམ་ཡིག་འབྲི་བའི་རྨང་གཞི་འདིང་རྒྱུ་ཟུང་འབྲེལ་གྱིས་ཉིན་ཐོ་དང་རྩོམ་ཐུང་འབྲི་རྒྱུའི་ཐད་དགེ་རྒན་གྱིས་མཛུབ་སྟོན་དང་སློབ་མས་འབྲི་སྦྱོང་བྱ་རྒྱུ་གཉིས་རྒྱུན་འཁྱོངས་བྱེད་དགོས་ལ། སློབ་མའི་རྩོམ་འབྲིའི་དམིགས་བསལ་དགེ་མཚན་ལ་སློབ་དམངས་ཁྲོད་དུ་བསྔགས་བརྗོད་བྱེད་པའམ་ཡང་ན། ཚགས་པར་དང་དུས་དེབ་ཐོག་འགྲེམས་སྤེལ་ཐུབ་ཚེ། སྐམ་སའི་མྱུ་གུ་ཆུ་ཕྲན་གྱིས་གསོས་པ་ལྟར་ན་ཆུང་སློབ་མ་ཚོ་རྩོམ་ཡིག་འབྲི་རྒྱུར་སྤྲོ་བ་ཆེན་པོ་སྐྱེ་ངེས།

    གཉིས་པ། སློབ་མར་རྩོམ་འབྲིའི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་མང་ཙམ་བྱ་དགོས་པ།

    རྩོམ་ཡིག་འབྲི་རྒྱུ་ནི་སློབ་མའི་མིང་ཚིག་དང་དག་དོན་བརྗོད་པ་སོགས་ཕྱོགས་བསྡུས་ཀྱི་སྦྱོང་བརྡར་བྱ་ཐབས་ཤིག་ཡིན་ལ། སྐད་ཡིག་སློབ་ཁྲིད་ཁྲོད་མེད་དུ་མི་རུང་བའི་ཤེས་བྱ་བེད་སྤྱོད་ཀྱི་རྨང་གཞིའི་སྦྱོང་བརྡར་གྱི་ནང་ཚན་གལ་ཆེན་ཞིག་ཀྱང་ཡིན་པས། ང་ཚོས་ངེས་པར་དུ་སློབ་མའི་རྩོམ་ཡིག་འབྲི་བའི་ངོས་འཛིན་མཐོ་རུ་གཏོང་བ་དང་དགེ་རྒན་གྱིས་རྒྱུན་དུ་ཁ་བྱང་གཏན་འཁེལ་བྱས་པའི་རྩོམ་ཡིག་འབྲི་རྒྱུའི་ནང་དོན་བཀོད་སྒྲིག་བྱེད་པ་ལས་ཁ་བྱང་དང་འབྲེལ་བ་ཡོད་པའི་རྩོམ་ཡིག་ལྟ་ཀློག་བྱ་རྒྱུར་ཀུན་སློང་མི་འདང་བ་མ་ཟད། རྩོམ་ཡིག་གི་ཁ་བྱང་དང་ནང་དོན་འདྲ་བའི་ཆ་རྣམས་སློབ་ཕྲུག་ལ་བརྒྱུད་སྤྲོད་བྱ་རྒྱུ་མི་འདེང་བར་ཁྲལ་འཁྱོལ་ཙམ་བྱེད་པ་དེས་སློབ་ཕྲུག་གི་རྩོམ་འབྲིའི་ཧུར་སེམས་སྐོང་མི་ཐུབ་པར། ཡིག་རྒྱུགས་ལ་ཁ་གཏད་གཅོག་པའི་ལག་ཆ་ཙམ་དུ་ངོས་འཛིན་ཏེ་དགེ་རྒན་གྱིས་སྐུལ་བའི་སྦྱོང་ཚན་ལེགས་སྒྲུབ་བྱེད་པ་ཙམ་ལས་དེའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་འདང་གི་མེད། དགེ་རྒན་ལ་ལས་ཀློག་ལྟའི་སློབ་ཚན་ལ་ཡང་དོ་སྣང་དེ་ཙམ་གནང་གི་མེད་པ་རེད། འོན་ཀྱང་ཀློག་ལྟའི་སློབ་ཚན་ནང་གྲགས་རྩོམ་མང་དག་ཡོད་པ་དེ་དག་དང་འབྲེལ་བའི་ཤེས་བྱ་དུས་ཐོག་ཏུ་ངོ་སྤྲོད་བྱས་ན་སློབ་ཕྲུག་གི་རྩོམ་ཡིག་ལྟ་ཀློག་དང་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱ་རྒྱུར་བག་ཆགས་ཟབ་མོ་ཡོང་ཐུབ་ཀྱི་ཡོད། དཔེར་ན་སྐུ་ཞབས་ལུའུ་ཤུན་གྱིས་བྲིས་པའི《བྱ་བ་ཆུང་ངུ》ཞེས་པ་དེ་ཁྲིད་པའི་སྐབས་ལ་ཡང་ལུའུ་ཤུན་གྱི་མཛད་རྣམ་དང་། སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས། ཁོང་གི་གྲགས་རྩོམ་གཞན་དག་རེ་གཉིས་ཞོར་ལ་ངོ་སྤྲོད་བྱེད་པ་མ་ཟད། ད་དུང་ཁོང་དང་དུས་རབས་གཅིག་གི་གྲགས་ཅན་རྩོམ་པ་པོ་པ་ཅིན་དང་། ལའོ་ཧྲེ། པིང་ཤིན་སོགས་ངོ་སྤྲོད་ཉུང་བསྡུས་བྱེད་ཐུབ་ན་དེ་ནི་སློབ་མར་ཞོགས་པ་བློ་འཛིན་བྱས་ཀྱང་ཕྱི་དྲོ་བཤད་རྒྱུ་མེད་པའི་མན་ངག་སྐམ་པོ་དང་མི་འདྲ་བར་ཁོ་ཚོའི་ཐོས་རྒྱ་ཆེ་རུ་འགྲོ་བ་དང་བག་ཆགས་བརྟན་པོ་ཡོང་ཐུབ་ཀྱི་རེད། བྱིས་པ་ཚོ་ཡང་རྒན་པ་དང་འདྲ་བར་དོན་དག་སྣ་ཚོགས་ལ་གསལ་བཤད་བྱེད་པའི་བསམ་པ་ཡོད་ལ། བྱིས་པ་མཉམ་དུ་འཛོམས་སྐབས་ཕན་ཚུན་བཤད་ནས་ཚར་རྒྱུ་མེད་པའི་སྐད་ཆ་མང་པོ་ཞིག་ཡོད། གལ་སྲིད་དགེ་རྒན་གྱིས་ཁོ་ཚོར་རང་ཉིད་ཀྱི་བློ་མོས་ཡོད་པའི་ཕྱོགས་དེ་ཤོད་དུ་བཅུག་པའམ་འབྲི་རུ་བཅུག་ཚེ། སློབ་མས་རྩོམ་ཡིག་འབྲི་རྒྱུ་དེ་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་པ་རྟོགས་ཐུབ་པ་དང་། ད་གཟོད་རྩོམ་ཡིག་འབྲི་རྒྱུར་དགའ་སྣང་དང་རང་རྟོགས་ཀྱིས་རྩོམ་ཡིག་འབྲི་བའི་གོམས་གཤིས་ཀྱང་འཇགས་ཐུབ། དེར་བརྟེན་ལོ་རིམ་དང་པོ་ནས་བཟུང་སྐད་ཆའི་སྦྱོང་བརྡར་དང་རྩོམ་ཡིག་འབྲི་རྒྱུའི་སྦྱོང་བརྡར་གང་ཡིན་ཡང་སློབ་མ་རང་གིས་བཤད་འདོད་པ་དང་འབྲི་འདོད་པའི་ཕྱོགས་དེ་སྐྱེད་སྲིང་གང་ཐུབ་བྱ་དགོས།

    གསུམ་པ། རྣམ་ཀུན་སྤྱི་ཚོགས་འཚོ་བར་ཟབ་འཇུག་བྱེད་དུ་བཅུག་ནས་སློབ་མའི་ལྟ་ཞིབ་ནུས་པ་སྐྱེད་སྲིང་བྱ་དགོས།

    རྣམ་ཀུན་སློབ་མར་ཕྱི་རོལ་གྱི་བྱ་དངོས་ལ་ལྟ་ཞིབ་བྱེད་དུ་བཅུག་ནས་ལྟ་ཞིབ་ནུས་པ་སྐྱེད་སྲིང་བྱ་རྒྱུ་ནི་རྩོམ་ཡིག་སློབ་ཚན་ནང་མེད་དུ་མི་རུང་བའི་གལ་ཆེའི་ལྷུ་ཚིགས་ཤིག་ཡིན་པས། སློབ་མའི་རྩོམ་ཡིག་གི་འབྱུང་ཁུངས་འཚོ་བ་ཡིན་ལ་འཚོ་བ་ནི་རྩོམ་ཡིག་གི་སྲོག་རྩ་ཡང་ཡིན། དགེ་རྒན་གྱིས་སློབ་ཁྲིད་དང་འཚོ་བ་དངོས་འབྲེལ་བ་དམ་ཟབ་བྱེད་དགོས་ལ། སློབ་ཕྲུག་ཚོར་རྣམ་ཀུན་འཚོ་བའི་ཁྲོད་ཀྱི་བྱ་དངོས་ལ་ལྟ་ཞིབ་བྱས་པའི་ནང་དོན་མང་ཙམ་ཤོད་དུ་འཇུག་པའམ་ལྟ་ཞིབ་བྱས་པའི་བརྗོད་པ་ཐུང་གྲས་འབྲི་རུ་བཅུག་ནས་སློབ་མའི་ཕྱི་རོལ་གྱི་མཐོང་ཐོས་རེག་གསུམ་དང་འཚོ་བའི་མྱོང་ལེན་ཡིག་ཐོག་ཏུ་ཕབ་ཏུ་བཅུག་དགོས། དེ་ལྟར་བྱུང་ན། སློབ་མས་བྲིས་པའི་རྩོམ་ཡིག་དག་ཚིག་གི་ལོ་མས་སྒྲིབ་པའི་སྟོང་བཤད་མིན་པར་ནང་དོན་དང་བརྗོད་བྱར་བྲོ་བ་ཅུང་མྱོང་རྒྱུ་ཡོད་པའི་རྩོམ་ཡིག་ཅིག་འབྲི་ཐུབ་པ་ཡོང་ངེས་ལ། ལྷག་པར་དུ། དགེ་རྒན་གྱི་རྩོམ་འབྲིའི་སྦྱོང་ཚན་སྐུལ་སྐབས་ཅི་འབྲི་འདི་འབྲི་མ་ཤེས་པར་ལུས་མི་སྲིད་སྙམ།

    མདོར་ན། སློབ་ཆུང་དུས་ནས་རྩོམ་འབྲིའི་རྩལ་ནུས་སམ་རྨང་གཞི་གང་ལེགས་འདིང་ཐུབ་ཚེ། སློབ་མ་རྣམས་སློབ་རིམ་མཐོ་རུ་དང་སྤྱི་ཚོགས་འཚོ་བའི་ནང་ཞུགས་སྐབས་རང་གི་ཐོས་རྒྱ་ཆེ་རུ་འགྲོ་བ་དང་བསྟུན་ནས་མྱོང་བ་དང་ངོས་འཛིན་ནམ་བསམ་ཕྱོགས་དག་རྩོམ་འབྲིའི་སྒྱུ་རྩལ་གྱི་བྲོ་བ་ལྡན་པའི་ཡིག་འབྲུར་ཕབ་ཐུབ་ནས་གཞན་ལ་ངོ་གནོང་མི་དགོས་ལ། རང་གི་རྩོམ་འབྲིའི་འཇོན་ནུས་ངོམས་སུ་ཆོག་པ་ཞིག་ཏུ་གྱུར་ངེས་སོ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།