ཉེ་དུས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་རིག་གཞུང་སྙན་ཞུའི་ཚོགས་འདུ་དང་། རྒན་ཡོལ་ཞུས་པའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ། རིག་རྩལ་སྐོང་འཁྲབ་སོགས་ཀྱི་བྱེད་སྒོ་སྤེལ་ནས། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སླར་གསོ་བསྐྱར་སྐྲུན་བྱས་ནས་ལོ ༢༠ འཁོར་བར་རྟེན་འབྲེལ་ཞུས་པ་རེད།
རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སླར་གསོ་བསྐྱར་སྐྲུན་བྱས་ནས་ལོ ༢༠ འཁོར་བའི་རིག་གཞུང་སྙན་ཞུའི་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་ཉི་མ་བཀྲ་ཤིས་ནས་ལོ་ཉིས་ཤུའི་རིང་གི་རང་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་བྱ་གཞག་གོང་འཕེལ་གྱི་འབྲས་བུར་ཕྱིར་དྲན་གནང་སྐབས། ལོ ༢༠ རིང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་སྔ་རྗེས་སུ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་ཚན་རྩལ་རྣམ་གྲངས ༡༧༠༠ ལྷག་ཙམ་གྱི་འགན་ཁུར་བའི་ནང་ནས། རྣམ་གྲངས ༡༤༠ ལྷག་ཙམ་ལ་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཐོབ་པ་དང་། རྣམ་གྲངས ༡༩ ལག་རྩལ་འབྲས་བུའི་ཁེ་བེད་བདག་དབང་ཐོབ་ཡོད་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ལྡན་པའི་ཚན་རྩལ་འབྲས་བུ་གཞན་འགྱུར་གྱི་དཔེ་སྟོན་རྟེན་གཞི ༡༤ སྐྲུན་ཟིན་ནས་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར ༡༣.༥ གཏོད་དེ། རང་ལྗོངས་ཀྱི་དེང་རབས་ཞིང་འབྲོག་ལས་འཛུགས་སྐྲུན་དང་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གོང་འཕེལ། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེར་གཏོང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཅས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་ཅེས་གསུངས་པ་རེད།
ཉི་མ་བཀྲ་ཤིས་ནས། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོས་ཟིན་པ་དང་ཚན་རྩལ་གསར་གཏོད་ཀྱི་དུང་བརྡ་ཡང་བཏང་ཟིན་པས། ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་བསམ་ཕྱོགས་སྔར་བས་ཁ་གསལ་བཟོ་བ་དང་རང་བདག་གསར་གཏོད་ཀྱིས་ཁྲིད་ཕྱོགས་བྱས་ནས། སོན་རིགས་གསར་པ་རྒྱུན་ཆད་མེད་པར་ཞིབ་འཇུག་གསར་སྤེལ་བྱེད་པ་དང་ཁྱད་ལྡན་ཐོན་རྫས་རྒྱུན་ཆད་མེད་པར་ཞིབ་འཇུག་གསར་སྤེལ་བྱེད་པ། ལག་རྩལ་གསར་པ་རྒྱུན་ཆད་མེད་པར་ཞིབ་འཇུག་གསར་སྤེལ་བྱེད་པ་བཅས་བྱས་ནས་བོད་ཀྱི་མི་དམངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་དང་། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཐོན་འབབ་མཐོ་རུ་འགྲོ་རྒྱུར་ཚན་རྩལ་གྱི་འབྲས་བུ་དེ་བས་མང་བ་དང་དེ་བས་ལེགས་པ་མཁོ་འདོན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།།