མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་གསར་པའི་དོགས་གནད་འགའ་གླེང་བ།
གླེང་གཞི།
ཤེས་རིག་འགྲན་རྩོད་ཀྱི་མཐོ་རླབས་གང་སར་འཕྱུར་ཞིང་། རིག་གནས་སློབ་གསོའི་མེ་ཏོག་གང་སར་བཞད་པའི་དུས་བཟང་འདིར། སློབ་གསོའི་མཛད་ཕྱོགས་ཡང་དག་འོག མི་རིགས་རིག་གནས་རྒྱུན་འཛིན་ལ་སྔར་མེད་ཀྱི་གསོན་ཤུགས་དང་ཟླ་མེད་ཀྱི་སྟོབས་ཤུགས་རྙེད་པས། སློབ་གསོའི་ལྡུམ་ར་ཀུན་ལ་མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང་གི་རྣམ་པས་ཁེངས། དེ་ཡང་འབྲིང་རིམ་སློབ་གསོས་རང་ལྗོངས་ཀྱི་སློབ་གསོའི་ཁྲོད་བལྟོས་བཅས་ཀྱི་འགངས་ཆེའི་གནས་བབ་ཅིག་འཛིན་བཞིན་ཡོད་ལ། ལྗོངས་ཡོངས་སུ་མཐོ་འབྲིང་བོད་སྐད་ཡིག་གི་བསླབ་གཞི་གསར་པའི་སློབ་ཁྲིད་འགོ་ཚུགས་ཏེ་དུས་ཐུང་ལོ་གཉིས་ཙམ་ལས་ཕྱིན་མེད་པས། འདི་ནི་བྱིས་པར་གོམ་བགྲོད་སློབ་པའི་ངང་ཚུལ་རང་ཡིན་པས་ན། གནད་འདི་ལ་མཐོ་འབྲིང་དགེ་སློབ་ཡོངས་ནས་མཐོང་ཆེན་གྱིས་ཡང་དག་ལ་གནད་དུ་འཁེལ་བའི་སློབ་ཁྲིད་ཐབས་ལམ་འཚོལ་བ་དང་ཕྱོགས་ཡོངས་ནས་ཆ་ཚང་ལ་གོ་རིམ་ལྡན་པའི་སློབ་ཁྲིད་རྩ་འཛིན་ཞིག་ཆགས་རྒྱུར་འགན་སྲུང་གང་ལེགས་ཐུབ་པ་བྱེད་དགོས། དེས་ན་ཁོ་བོས་བསླབ་གཞི་གསར་པའི་སློབ་དེབ་དང་པོ་ནས་བཞི་པའི་བར་ཐོག་མར་སློབ་ཁྲིད་བྱས་པའི་ཐབས་ལམ་དང་མྱོང་ཚོར། ལྷག་པར་དུ་རང་ཉིད་ལ་བྱུང་བའི་དོགས་གནད་འགའི་ལྟ་ཚུལ་དང་ཚང་མར་མཁོ་བར་ངེས་པའི་དམིགས་བསལ་གྱི་ཐབས་ཤེས་རེ་ཟུང་ཡང་ཞུ་བའི་ཚུལ་དུ་ལགས་སོ།
དང་པོ། མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་རྙིང་པའི་དགེ་སྐྱོན་སྐོར།
མི་ལོ་བཅུ་གཉིས་ཙམ་ལ་ཚོད་ལྟར་སྤྱད་པའི་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་རྙིང་པས། འཛམ་གླིང་ཡོངས་ལ་ཁ་ཕྱོགས་པའི་སློབ་གསོའི་འགྲན་ནུས་ཤིག་ནས་དུས་རབས་ཉེར་གཅིག་པར་རང་ནུས་ལ་དཔག་པའི་བསུ་བ་གང་ལེགས་ཞུས་ཏེ། དཔེ་མཚོན་མི་སྣ་གང་མང་ཞིག་མི་དམངས་ལ་ཞབས་འདེགས་ཞུ་བའི་བདག་པོ་ཁོ་ནར་བསྐྱངས། བསླབ་གཞི་གང་དེ་དགེ་སྐྱོན་སྐོར་ལ་ཕྱོགས་སྡོམ་མདོར་བསྡུས་ཤིག་ཞུས་ན།
གཅིག་ནས་དུས་རབས་གསར་པའི་དུས་འགོ་དང་འཚམ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་དགེ་མཚན་ཏེ། རྒྱལ་ཕྱི་རྒྱལ་ནང་གི་གྲགས་ཅན་བརྩམས་ཆོས་ཀྱིས་གཙོས་པའི་ཕྱོགས་བསྡུས་སྣེ་མང་གི་དགེ་མཚན་ལྡན་པ་དང་། གཉིས་ནས་མི་རིགས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་དཔེ་མཚོན་གྲགས་རྩོམ་ནས་བོད་རིགས་སློབ་མའི་དགོས་ངེས་ཤེས་བྱ་འོས་འཚམ་གྱིས་བཀོད་སྒྲིག་ལེགས་ཙམ་བྱས་ཡོད་དེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམིགས་བསལ་སློབ་དེབ་ཀྱི་རང་མཚན་མངོན་པ་དང་། གསུམ་ནས་སློབ་གཞིའི་ནང་དོན་རྣམས་དུས་རབས་གསར་པའི་སློབ་མའི་རྨང་གཞིའི་ཆུ་ཚད་དང་འཚམ་པོ་བྱུང་བས། སློབ་ཁྲིད་མཉམ་ལས་ཀྱི་བྱ་བར་ནུས་པ་བཟང་ཙམ་ཐོན་པས། དགེ་མཚན་འདི་དག་ནི་བོད་ཀྱི་སློབ་གསོའི་བྱ་བར་ཐོབ་པའི་འབྲས་བཟང་ཞིག་ཏུ་བརྩི་རིན་ཡོད་སྙམ།
ཞོར་འཕྲོས་སུ་སློབ་གཞི་རྙིང་པའི་མི་འདང་བའི་ཆ་ཅུང་ཟད་ནི། བསླབ་གཞི་ཡོངས་ལ་སྒྱུར་རྩོམ་གྱི་ཤེས་བྱ་ཅུང་ཟད་མང་དྲགས་པས། བོད་ཀྱི་བརྡ་སྤྲོད་ཤེས་བྱ་དང་མངོན་བརྗོད། སྙན་ངག དེ་བཞིན་ཚད་མ་རིག་པ་སོགས་ལ་རྒྱུས་ལོན་བྱེད་པར་འགོག་རྐྱེན་ཕྲན་ཙམ་ཕྲད་འདུག་སྙམ། དཔེར་ན། བསླབ་གཞི་རྙིང་པའི་འཆད་ཉེན་སྦྱོང་བརྡར་བསྐྱར་བཤད་དང་སྐབས་འཕྲལ་གཏམ་གླེང་ཞེས་པ་ལྟ་བུའི་ཚབ་ཏུ་བོད་ཡིག་གི་འབྱུང་ཁུངས་ཞེས་པ་ཞིག་དང་མངོན་བརྗོད་ཀྱི་ཤེས་བྱ་རེ་མཚམས་སྦྱོར་གནང་ན། མཐོ་འབྲིང་སློབ་མའི་རྒྱུན་སྤྱོད་ཤེས་བྱ་ངོ་སྤྲོད་བྱེད་པའི་གནད་དོན་ཐག་གཅོད་པར་ཕན་པ་འདོགས་ཐུབ་པའི་ཁྱད་ཆོས་ཤིག་ཐོན་ཐུབ་སྙམ།
གཉིས་པ། མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་གསར་པའི་དགེ་མཚན་དང་དོགས་གནད་སྐོར།
བསླབ་གཞི་གསར་པ་འདི་བཞིན་རྩོམ་སྒྲིག་པས་གསུངས་པ་ལྟར་སློབ་མ་ཚོའི་མིག་གི་དགའ་སྟོན་དང་རྣ་བའི་བདུད་རྩི། ཡིད་ཀྱི་གསོས་སུ་འགྲོ་ངེས་ལགས་ན། འབྲེལ་ཡོད་རང་གི་ལྟ་ཚུལ་རེ་ཟུང་ཞུ་བར་འདོད་པའང་ཐོག་མའི་སྤྲོ་སྣང་དང་ལོངས་སྤྱོད་ཁོ་ན་ཡིན། བསླབ་གཞི་གསར་པ་ནི་བསླབ་གཞི་རྙིང་པ་རྒན་ཡོལ་ཞུ་བའི་དོས་དྲག་རང་བཞིན་གྱི་དམིགས་འབེན་ལ་གཞིགས་ཏེ། སློབ་གསོའི་མཛད་ཕྱོགས་འབའ་ཞིག་ཏུ་གཉེར་བས་བསླབ་གཞི་རྙིང་པ་དང་གཤིབ་སྡུར་བགྱིས་པའི་ཁྲོད་དུ་དམིགས་བསལ་དགེ་མཚན་འདི་འདྲ་འགའ་མཐོང་སྟེ། གཅིག ཤེས་རིག་དང་དཔལ་འབྱོར་གྱི་འགྲན་རྩོད་སྤྱི་ཚོགས་དང་ཧ་ཅང་འཚམ་ཞིང་དུས་རབས་གསར་པའི་མི་སྣའི་དགོས་མཁོ་དང་དེ་བས་འཚམ་པའི་དམིགས་བསལ་ཁྱད་ཆོས་འབུར་དུ་ཐོན་ཡོད།
གཉིས། རྒྱལ་སྤྱིའི་རང་བཞིན་གྱི་བོད་སྐད་ཡིག་རིག་གཞུང་དང་དཔུང་པ་མཉམ་གཤིབ་ཡོང་བར་དུས་རབས་ཀྱི་སློབ་མའི་རྨང་གཞིའི་ཆུ་ཚད་ལ་དགོས་ངེས་ཀྱི་ཆ་རྐྱེན་གང་ལེགས་བསྐྲུན་ཡོད།
གསུམ། བོད་ལྗོངས་ཀྱི་འཕེལ་རྒྱས་ལ་མཁོ་བའི་མི་སྣར་འགྲན་སློང་གི་བསམ་གཞིག་སྤྲོད་པའི་དམིགས་བསལ་ཁྱད་ནུས་ལྡན་པ།
བཞི། བསླབ་གཞིའི་ནང་དོན་དང་རྣམ་པའི་འཆར་བཀོད་སོགས་གང་ཅིར་ཆ་འཕྲིན་དུས་རབས་ཀྱི་གསར་གཏོད་རང་བཞིན་དང་མི་རིགས་ཀྱི་རང་བཞིན་ལྡན་པའི་ཁྱད་ཆོས་ཟུང་འབྲེལ་གང་ལེགས་ཐུབ་ཡོད་པས། དགེ་སློབ་ཡོངས་ལ་གསར་ཞེན་གྱི་སྤྲོ་སྣང་ནས་སློབ་ཁྲིད་ཀྱི་བྱ་བར་སྔར་མེད་ཀྱི་གསོན་ཤུགས་སྦྱིན་ཐུབ།
ལྔ། ངེས་སྦྱོང་དང་འདེམས་སྦྱོང་གི་བསླབ་གཞིའི་འཆར་བཀོད་ནས་དུས་རབས་ཀྱི་ཁྱད་ཆོས་གང་ལེགས་མངོན་ལ། སློབ་མའི་རང་འགུལ་གྱི་འགོག་མེད་སེམས་ཤུགས་ལ་སྐུལ་ལྕག་གིས་མི་སྣ་འགྲན་རྩོད་ཀྱི་སྤྱི་ཚོོགས་གསར་པའི་འཕེལ་རྒྱས་ཀྱི་རྣམ་པར་འཇོན་ནུས་རང་བཞིན་གྱི་སྒོ་འབྱེད་མཛད་ཕྱོགས་ལག་བསྟར་ཐུབ་པ་བཅས་འདི་དག་ནི་བདག་འདྲའི་ཡིད་དགའི་གསོས་དང་སློབ་བུའི་དགའ་ཞེན་གསོ་བའི་དམིགས་བསལ་ཁྱད་ཆོས་སུ་མཐོང་བས། འབྲེལ་ཡོད་དབུ་ཁྲིད་དང་མཁས་དབང་ཚོའི་རིན་ཆེན་གསེར་དང་མཉམ་པའི་བཀའ་སློབ་ཙམ་མ་ཟད་རྩོམ་སྒྲིག་པ་ཡོངས་དང་། དེ་བཞིན་བསླབ་གཞིའི་འཆར་བཀོད་སོགས་གང་ཅིར་ཐུགས་ཁུར་གྱི་བཀའ་དྲིན་ལ་སོར་བཅུའི་འདབ་མ་ལན་བརྒྱར་འདུད་དེ་ཐུགས་རྗེ་ཆེ་ཞེས་ཞུའོ། སྐབས་བབས་སུ་བསླབ་གཞི་གསར་པའི་དོགས་གནད་འགའ་ཞིག་དགོངས་འཆར་བསྡུ་ལེན་གྱི་ཚུལ་དུ་གླེང་འདོད་པ་ལ། གཅིག དེང་དུས་ཁྲོམ་རའི་དཔལ་འབྱོར་གྱི་དངོས་ཡོད་འཚོ་བའི་དགོས་མཁོར་དམིགས་ཏེ། འཁྲུག་ཆ་དོད་ལ་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་མུར་རིག་གནས་སློབ་གསོའི་སྤེལ་ཕྱོགས་ཀྱང་རླུང་བུའི་རྒྱག་ཕྱོགས་ཀྱི་དར་ལྕོག་ཇི་བཞིན་གང་སར་གློག་ཀླད་སྤྱོད་པའི་ཁྱབ་ཆེའི་ཤུགས་རྐྱེན་དང་ཆ་འཕྲིན་གྱི་བསམ་བློའི་ཤན་ཤུགས་ཀྱང་ཤིན་ཏུ་ཆེ་བས། མཐོ་འབྲིང་སློབ་མའི་བསམ་ཕྱོགས་སྔར་དང་མི་འདྲ་བར་གང་ཅིར་འགྱུར་ལྡོག་ངེས་ཅན་འགྲོ་མུས་ཡིན་པ་ང་ཚོས་མིག་མཐོང་ལག་ཟིན་ཡིན་ལགས་ན། སློབ་མའི་རྨང་གཞིའི་རིག་གནས་ཀྱི་ཆུ་ཚད་ཀྱང་དེ་བསྟུན་གྱི་འགྱུར་ལྡོག་ཕྱིན་པ་མངོན་སུམ་རེད། འོན་ཀྱང་། བསླབ་གཞི་གསར་པའི་ནང་དོན་གྱི་གཞི་ཁྱོན་ཐད་ཐོག་མའི་སློབ་ཁྲིད་བཀོད་སྒྲིག་ལ་ཡུལ་དུས་རང་བཞིན་གྱི་ཚད་བཀག་ཆུང་དྲགས་པའི་དོགས་སྣང་ཞིག་འགོག་མེད་དུ་འཆར་བས། གནད་འདི་སློབ་མའི་རྨང་གཞིའི་ཆུ་ཚད་དང་གོ་རྟོགས་རང་བཞིན་ལ་མཐོ་རུ་གཏོང་བར་འགོག་རྐྱེན་འཕྲད་འདུག འདི་ནི་སློབ་མར་གདམ་ག་སྤྲོད་པའི་བསམ་བློའི་ནུས་ཚད་དང་འཚམ་པོ་མི་འདུག་པས་དོགས་འདྲི་ཞུ།
གཉིས། བསླབ་གཞིའི་ནང་དོན་འགའ་ཞིག་ལ་ལྟ་ཚུལ་མི་མཐུན་པའམ་མཐོ་འབྲིང་སློབ་མར་གོ་དཀའ་བའི་གནད་འདི་འདྲ་མཐོང་སྟེ། དཔེར་ན། མིང་དང་ཚིག་གི་སྐོར་འཆད་སྐབས་མིང་ཚིག་གཉིས་ཀ་མིན་པའི་མུ་ལ་བེམ་པོ་བཞག་པ་མི་འཐད་དེ། བེམ་པོ་ཞེས་དོན་གྱི་ངོ་བོ་དང་ཁྱད་པར་ལ་སོགས་གང་ཡང་བསྟན་རྒྱུ་མེད་པ་ཞིག་ལ་གོ་བ་བླངས་ཀྱང་། བེམ་པོ་བེམ་པོའི་མིང་ཡིན་པ་དགག་མི་ནུས་ཏེ། བེམ་པོ་ཉིད་བེམ་པོའི་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། བེམ་པོ་མིང་ཡིན་པའི་ཕྱིར་ན། རྩ་བ་དང་འགལ་བས་བསླབ་གཞིའི་ནང་དོན་གྱི་འཁྲུལ་གཞི་ཟེར་ཡང་ཆོག་གོ
གསུམ། རྩོམ་ཡིག་སོ་སོའི་མདུན་དུ་བཀོད་པའི་སློབ་ཚན་ཁག་གི་བསྟན་དོན་གཙོ་བོ་ལྟ་བུ་ནས་སློབ་ཚན་གྱི་ནང་དོན་གཙོ་བོ་མཚམས་སྦྱོར་རགས་བསྡུས་གནང་བར་དགོས་པ་མ་མཐོང་སྟེ། སློབ་ཚན་དངོས་བསྟན་རྒྱུ་ཡོད་པའི་ཕྱིར། འོ་ན་མཐོ་འབྲིང་སློབ་མར་ཤེས་རྟོགས་གང་ལེགས་འོང་ཆེད། སློབ་མར་སྟབས་བདེ་བསྐྲུན་པ་ཡིན་ཟེར་ན། དེ་ལའང་དགོས་པ་མེད་དེ། དགེ་སློབ་མཉམ་ལས་ཀྱིས་སློབ་ཚན་ལྟ་ཀློག་དང་མྱོང་དཔྱད་ཁྲོད་སློབ་ཚན་སོ་སོར་ཕྱོགས་སྡོམ་གང་ནན་ཡོང་བའི་ཕྱིར། ཁོ་བོ་ལྟར་ན། དེའི་ཚབ་ཏུ་བལྟོས་བཅས་ཀྱི་སློབ་ཚན་སོ་སོའི་གཙོ་གནད་ཤེས་བྱ་དང་དཀའ་གནད་ཤེས་བྱ་ཞེས་པའི་ལེ་ཚན་གཉིས་བསྒྲིགས་ན། མཐོ་འབྲིང་དགེ་སློབ་ཡོངས་ཀྱི་བསླབ་གཞིའི་ནང་དོན་ལ་རྒྱུས་མངའ་གང་ལེགས་ལོན་ཕྱིར་གཅིག་གྱུར་གྱི་ལྟ་ཚུལ་ཡང་དག་པ་ཞིག་ཀྱང་ག་ལེར་འཇགས་ངེས་སྙམ། དེ་བཞིན་སློབ་ཚན་གཤམ་གྱི་སྦྱོང་གཞི་ཕལ་ཆེར་ལྟ་ཀློག་དང་མྱོང་དཔྱད་རྐྱང་པའི་དམིགས་ཡུལ་གཙིགས་སུ་བཟུང་བ་ལས་སློབ་མར་མཁོ་ངེས་ཀྱི་རྨང་གཞིའི་ཤེས་བྱ་རྟོགས་པའི་དམིགས་ཕན་རང་བཞིན་དེ་བས་ཆུང་དྲགས་པའི་མྱོང་ཚོར་ཟབ་བོ།
གསུམ་པ། བསླབ་གཞི་གསར་པའི་སློབ་ཁྲིད་ཀྱི་དམིགས་བསལ་ཐབས་ཤེས་སྐོར།
དུས་རབས་ཀྱི་དགེ་མཚན་མངོན་ཞིང་སྤྱི་ཚོགས་ཀྱི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བས། ཆ་འཕྲིན་དར་སྤེལ་གྱི་འགྲན་རྩོད་ཀྱང་སྔར་བཞིན་ལྷག་ཏུ་རྒྱས། དེས་སྤྱི་ཚོགས་ཡོངས་ལ་སྐུལ་འདེད་དང་། ཕན་ནུས་རྒྱ་ཆེར་ཁྱབ་ཅིང་བསམ་བློའི་ཁ་ཕྱོགས་ཀྱི་སློབ་སྟོན་ཡང་དུས་ཐོག་ཏུ་ཐོན་བཞིན་ཡོད།
དམིགས་བསལ་ཐབས་ཤེས་ཀྱི་གོ་རིམ་དང་པོ།
དགེ་རྒན་གྱི་སློབ་ཁྲིད་དང་སློབ་སྟོན་ནི་བསླབ་གཞི་གསར་པའི་སློབ་ཁྲིད་ཀྱི་རྒྱལ་སྒོ་ལེགས་པར་འབྱེད་ནུས་པའི་གསེར་གྱི་ལྡེ་མིག་རང་ཡིན་ལགས་ན། དགེ་རྒན་གྱི་སྲོལ་རྒྱུན་སློབ་ཁྲིད་ཀྱི་ལྟ་ཚུལ་རྙིང་པ་ཡོངས་སུ་དོར་ཏེ་ཚན་རིག་དང་མཐུན་ལ་ཡང་དག་པའི་སློབ་གསོའི་ཁྲིད་ཐབས་གསར་པ་ཞིག་ངེས་པར་དུ་གང་མགྱོགས་ཡིད་ལ་བརྟན་པོར་འཇགས་པ་བྱེད་དགོས། དེས་ན། དགེ་རྒན་གྱི་ཀླད་རྙིང་མཁྲེགས་བཟུང་གི་རྣམ་པ་མྱུར་དུ་དོར་ཏེ་དེང་རབས་སློབ་མའི་བསམ་བློའི་ཁ་ཕྱོགས་དང་མཐུན་པའི་སྨན་བཟང་རྒྱུན་དུ་སྤྱོད་ཀྱིན་དུས་རབས་གསར་པའི་སློབ་གསོའི་དགོས་མཁོ་དང་ཡོངས་སུ་འཚམ་ལ་འགྲན་རྩོད་ཀྱི་སློབ་རའི་ལྡུམ་རར་མིག་དཔེ་འོས་པའི་སློབ་གསོ་བ་ཚད་ལྡན་ཞིག་ཆགས་ཐུབ་པའི་ཀུན་སློང་གཙང་མ་འཁྱེར་རྒྱུ་ནི་བསླབ་གཞི་གསར་པའི་ཆེས་ཐོག་མའི་དགོས་མཁོ་ཡིན་པས། གཙིགས་ཆེན་གྱིས་དགེ་རྒན་རང་ཉིད་ཀྱི་བསམ་བློར་ངེས་པར་དུ་སྒྱུར་བཅོས་གཏོང་དགོས།
དམིགས་བསལ་ཐབས་ཤེས་ཀྱི་གོ་རིམ་གཉིས་པ།
སློབ་ཁང་སློབ་ཁྲིད་དང་སྣེ་མང་སྨྱན་སྦྱོར་སློབ་ཁྲིད་ཟུང་འབྲེལ་གང་ཟབ་བྱ་རྒྱུ་ནི་བསླབ་གཞི་གསར་པའི་སློབ་ཁྲིད་ཀྱི་རྒྱུན་སྤྱོད་ཤེས་བྱ་ཡིན་ལ། བསླབ་གཞི་གསར་པའི་སློབ་ཁྲིད་ལ་ངེས་པར་མཁོ་བའི་རྩ་བའི་ཆ་རྐྱེན་དེ་ཡང་ཡིན་པས། དགེ་རྒན་གྱིས་ངེས་པར་དུ་བེད་སྤྱོད་ཀྱི་རིན་ཐང་ཤེས་པའི་རྨང་གཞིའི་སྟེང་ནས་སློབ་མའི་ཁྲོད་དུ་བག་ཆགས་གང་ལེགས་འཇོག་དགོས། ལྷག་པར་དུ་རྒྱུན་གཏན་ནས་ཚན་རིག་ཤེས་བྱར་དོ་སྣང་གིས་སྣེ་མང་སྨྱན་སྦྱོར་སློབ་ཁྲིད་ཀྱི་ཐབས་ཤེས་གང་ཡང་སློབ་ཁྲིད་ཀྱི་དགོས་མཁོ་དང་བསྟུན་མུར་དུས་ཐོག་ཏུ་ཤེས་པ་བྱ་དགོས། དེས་གཅིག་ནས་འགྲན་རྩོད་ཀྱི་དོ་ར་འཁྲུག་ཆ་དོད་དུ་གཏོང་ནུས་ལ། གཉིས་ནས་བསླབ་གཞི་གསར་པའི་རྒྱ་ཆེ་བའི་ནང་དོན་སློབ་མ་ཚོས་དུས་ཐུང་ནང་རྟོགས་པའི་སྟབས་བདེ་གང་ལེགས་ཤིག་ཀྱང་སྐྲུན་གྱི་འདུག་པས། དགེ་སློབ་ཚང་མར་མཐོང་ཆེན་ཡོང་བའི་འགོག་མེད་སྣང་བ་ཞིག་རང་ཤུགས་སུ་སྐྱེ་བའང་བདག་བློ་ཡིད་ཆེས་ཀྱིས་ཁེངས་ནས་ཡོད།
དམིགས་བསལ་ཐབས་ཤེས་ཀྱི་གོ་རིམ་གསུམ་པ།
སློབ་ཁྲིད་མཉམ་ལས་ཀྱི་བྱ་བ་ནི་དགེ་རྒན་གྱིས་སློབ་པ་དང་སློབ་མས་སྦྱོང་བ་གཉིས་ཟུང་འབྲེལ་དུ་རོལ་ཆ་དཀྲོལ་ཀྱིན་ཞབས་བྲོ་འཁྲབ་པ་དང་གནས་ལུགས་གཅིག་པ་ཡིན་པས། དགེ་རྒན་གྱིས་སློབ་ཁྲིད་རོལ་ཆ་གང་ལེགས་དཀྲོལ་མིན་ནི། སློབ་མའི་སློབ་ཚན་སྦྱོང་འདོད་ཀྱི་སྟངས་སྟབས་དང་ཉན་འདོད་ཀྱི་རྣམ་འགྱུར་ལས་ལེགས་པར་ཤེས་པས། དགེ་རྒན་གྱིས་ཨུ་ཚུགས་མཐར་སྐྱེལ་གྱི་རོལ་ཆ་དཀྲོལ་རྐྱང་མིན་པར་ངེས་པར་དུ་ཞབས་བྲོ་བར་སྤྲོ་སྣང་འབྱུང་མིན་ལ་ལྟ་དགོས། དེས་ན་སློབ་མའི་མོས་པར་ལྟ་དགོས་པ་ནི་སློབ་ཁྲིད་ཀྱི་གལ་ཆེའི་གྲུབ་ཆ་ཡིན་པས། ཐབས་མཁས་ཀྱིས་སློབ་མའི་སེམས་ཁམས་གསོ་བར་སྣང་འཇོག་གང་ལེགས་མཛད་དགོས། དཔེར་ན། སློབ་ཚན་གྱི་སྒྲིག་ལམ་སྒྲ་སྙན་གྱི་རྒྱུད་སྐུད་དམ་ལྷོད་རན་པོ་དགོས་པ་ལྟར་དུ་འཇམ་རྩུབ་འཚམ་པོ་དགོས་པ་ཡིན། དཔེར་ན་སྤྱོད་ཡོན་གཉིས་ལྡན་གྱི་སློབ་ཕྲུག་ལེགས་གྲས་འགའ་རེ་ཡར་བླངས་ཏེ་དྲིས་ལན་འདེབས་སུ་འཇུག་སྐབས། དགེ་རྒན་གྱིས་སྐབས་ཐོག་ཏུ་སློབ་མ་ཡོངས་ལ་མིག་དཔེ་སྟོན་ཕྱིར་སློབ་མར་བརྩི་འཇོག་གིས་མར་བཞུགས་དང་ཞེས་པ་ལྟ་བུའི་དགོད་བྲོ་དང་ཟུང་འབྲེལ་དུ་བསྟོད་བསྔགས་ཀྱི་རིན་ཐང་གང་ལེགས་མཚོན་དགོས། འདི་དག་ནི་བདག་གི་སློབ་ཁྲིད་ཀྱི་ཉམས་མྱོང་བྱ་ཕོ་མེད་དུས་བོང་བུས་ནམ་ཚོད་འཛིན་པ་ལྟ་བུ་ཡིན་པས། སློབ་གསོའི་ལས་དོན་པ་ཡོངས་ནས་བརྩེ་བས་མཐུན་འཇུག་གནང་སྟེ་དགོངས་འཆར་གང་ལེགས་སློབ་གསོའི་གསོས་སྨན་དུ་འགྲོ་ངེས་ཡིན་པ་དུས་ཐོག་ཏུ་གནང་འཚལ་ལོ།།
(ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་། ཉི་མ་བཀྲ་ཤིས)
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣