
འདི་ནི་ལྷ་ས་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་གི་སྨན་པས་ཕྲུ་གུར་སྔོན་འགོག་ཁབ་རྒྱག་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་གི་སྨན་པས་སྦྲུམ་མ་ཞིག་ལ་བརྟག་དཔྱད་བྱེད་བཞིན་པ།
ལྷ་རྩེ་རྫོང་གི་ལོ་27ལ་སླེབས་པའི་ཚེ་རིང་སྒྲོལ་དཀར་གྱི་སྔོན་གྱི་ཕྲུ་གུ་གསུམ་པོ་རང་ཁྱིམ་དུ་སྐྱེས་པས་ཚང་མ་གཟའ་འཁོར་གཉིས་ལས་འཚོ་ཐུབ་མེད། ཁོང་གི་ཕྲུ་གུ་བཞི་པ་ནི་རྫོང་སྨན་ཁང་དུ་སྐྱེས་པ་དང་འཚར་ལོངས་ཡག་པོ་བྱུང་ནས་གཟུགས་གཞི་བདེ་ཐང་ཡིན་ཞིང་། ཁོང་གིས“གལ་སྲིད་དང་ཐོག་སྨན་ཁང་དུ་ཕྱིན་ནས་ཕྲུ་གུ་སྐྱེས་ཚེ་ངའི་དེ་སྔོན་གྱི་ཕྲུ་གུ་གསུམ་པོ་གྲོངས་ཀྱི་མ་རེད། ད་རེས་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་པས་ངས་སྨན་ཁང་གི་ཕྲུ་གུ་སྐྱེ་བསུའི་ཆ་རྐྱེན་ཡག་པོ་ཡོད་པ་ཤེས་བྱུང་ལ་སྨན་པའི་ཆུ་ཚད་ཀྱང་མཐོ་པོ་ཡོད་པ་ཤེས་བྱུང་། སྨན་ཁང་གིས་སྨན་རིན་སྐར་མ་གཅིག་ཀྱང་ལེན་གྱི་མི་འདུག་ལ་ད་དུང་སྦྲུམ་མ་དང་ནང་མིར་དངུལ་ཕྲན་བུ་སྤྲོད་ཀྱི་འདུག ཕྲུ་གུ་བཙས་རྗེས་ད་དུང་སྨན་ཁང་གི་སྨན་རིན་མི་དགོས་པའི་བདེ་སྲུང་མང་པོ་ཐོབ་ཀྱི་འདུག”ཅེས་བཤད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འཕྲོད་བསྟེན་སྡེ་ཚན་གྱིས“བཅའ་ཁྲིམས་གཅིག་དང་རྩ་གནད་གཉིས”(《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་བུ་བདེ་སྲུང་བཅའ་ཁྲིམས》དང་། 《ཀྲུང་གོའི་བུད་མེད་འཕེལ་རྒྱས་ཀྱི་རྩ་གནད》 《ཀྲུང་གོའི་བྱིས་པ་འཕེལ་རྒྱས་ཀྱི་རྩ་གནད》)ནན་ཏན་ངང་ལག་བསྟར་བྱས་ནས་བུད་མེད་དང་བྱིས་པའི་བདེ་སྲུང་ཞབས་ཞུའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་རྨང་གཞིར་བྱེད་པ་དང་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འཆི་ཚད་དམའ་རུ་གཏོང་རྒྱུ་ལྟེ་བར་བྱས་ནས་བུད་མེད་དང་བྱིས་པའི་འཕྲོད་བསྟེན་གྱི་ལས་དོན་ཁག་ཧུར་ཐག་སྤེལ་ཏེ་བུད་མེད་དང་བྱིས་པའི་བདེ་ཐང་སྲུང་སྐྱོང་ཐད་འབད་བརྩོན་ཤུགས་ཆེན་བྱས་པས་ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་སྲུང་བྱ་གཞག་འཕེལ་རྒྱས་ངེས་ཅན་ཞིག་བྱུང་ཡོད།
བོད་ཀྱི་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ལས་དོན་ཁྱོན་ཡོངས་ནས་སྤེལ་ཆེད། ཀྲུང་དབྱང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་རང་ལྗོངས་ཀྱི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འཆི་ཚད་དམའ་རུ་གཏོང་བའི་རྣམ་གྲངས་དེ་ཐོག་མའི་རྫོང་10ནས་ལྗོངས་ཡོངས་ཀྱི་རྫོང་ཚང་མར་ཁྱབ་གདལ་བཏང་སྟེ་ཁྱོན་ཡོངས་ལ་ཁྱབ་ཡོད། རྫོང་ཁག་གཅིག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐེབས་རྩ་ལྷན་ཚོགས་དང་། དབྱི་ཐ་ལིའི་སྲིད་གཞུང་གི་བུད་མེད་བྱིས་པའི་འཕྲོད་བསྟེན་དང་དམའ་རིམ་འཕྲོད་བསྟེན་བདེ་སྲུང་བཅས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ་དང་རྣམ་གྲངས་ལག་ལེན་བསྟར་ཡུལ་རྫོང་འཕྲོད་བསྟེན་དང་དོ་དམ་མི་སྣ་གསོ་སྦྱོང་བྱས་པའི་ཁར་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ཆས་དང་འགྲིམ་འགྲུལ་ཡོ་ཆས་བཀོད་སྒྲིག་བྱས་ནས་མ་བུར་བརྒྱུད་རིམ་ལྡན་པའི་བདེ་སྲུང་དང་། མ་བུ་བདེ་སྲུང་ལ་ཕྱོགས་བསྡུས་ཐེ་ཇུས། བདེ་ཐང་སློབ་གསོ། བྱིས་པའི་འཚོ་བཅུད་ཐད་ཀྱི་ཐེ་ཇུས་སོགས་ཀྱི་ལས་དོན་སྤེལ་བས་ལྗོངས་ཡོངས་ཀྱི་སྦྲུམ་མ་དང་བྱིས་པར་བརྒྱུད་རིམ་ལྡན་པའི་དོ་དམ་ལས་དོན་སྤེལ་བའི་ཆུ་ཚད་མཐོ་རུ་ངེས་ཅན་ཕྱིན་ཡོད།
གཞི་རྩའི་སྤྱི་པའི་འཕྲོད་བསྟེན་དོ་སྙོམས་ཅན་གྱི་ཞབས་ཞུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་དུས་མཚུངས་རང་ལྗོངས་ཀྱིས་ཞིང་འབྲོག་པའི་སྦྲུམ་མར་མཐའ་གཅིག་ཏུ་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་ཐེ་ཇུས་བྱ་ཐབས་ལག་ལེན་བསྟར་བ་དང་ཞིང་འབྲོག་ཁུལ་གྱི་སྦྲུམ་མར་སྨན་རིན་མི་དགོས་པར་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་བ་དང་། སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙས་པའི་བྱ་དགའ་སྤྲོད་པ། འཚོ་བའི་རོགས་དངུལ་སྤྲོད་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་ཡོད། ཞིང་འབྲོག་པའི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་དུས་ཀྱི་སྨན་རིན་བརྒྱ་ཆ་བརྒྱ་རྩིས་ཞུ་བྱེད་པའི་ཁ་གསབ་སྲིད་ཇུས་ལག་ལེན་བསྟར་བ་མ་ཟད། སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་མཁན་ཞིང་འབྲོག་པའི་སྦྲུམ་མ་དང་ནད་གཡོག་ལ་སྒོར་30དང་སྒོར་20ཡི་བྱ་དགའི་ཁ་གསབ་སྤྲོད་ཀྱི་ཡོད། དེ་དང་དུས་མཚུངས་སྦྲུམ་མའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་དང་ཕྲུ་གུ་སྐྱེ་བདེ་བ་དང་སྐྱེ་དཀའ་བ་སོགས་ཀྱི་གནས་ཚུལ་མི་འདྲ་བར་གཞིགས་ནས་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་མཁན་ཞིང་འབྲོག་པའི་སྦྲུམ་མར་སྒོར་100དང་། སྒོར་300 སྒོར་500བཅས་ཚད་གཞི་མི་འདྲ་བའི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་ཀྱི་ཡོད། 2010ལོ་ནས་བཟུང་རང་ལྗོངས་ཀྱིས་ལྗོངས་ཡོངས་ལ་ཁྱབ་པའི་སྦྲུམ་མ་སྐྱོབ་བཅོས་ཀྱི་ཐོགས་མེད་བགྲོད་ལམ་བཏོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་སྐབས་ཀྱི་སྨན་རིན་རྩིས་ཞུ་བྱེད་པའི་ཐོགས་མེད་བགྲོད་ལམ་བཏོད་དེ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་རིང་གི་སྨན་རིན་ཆ་ཚང་རྩིས་ཞུ་བྱེད་ཀྱི་ཡོད།
2011ལོར་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་ཆ་ཚང་བཏང་ནས་ལྗོངས་ཡོངས་ཀྱི་སྦྲུམ་མ་ཚང་མར“འཆར་ལྡན་བུ་བཙའི་མ་བུ་བདེ་ཐང་གི་དུས་བཀག་སྲོག་རྟེན་འགན་བཅོལ”དང“འཆར་ལྡན་བུ་བཙའི་མ་བུ་བདེ་ཐང་གི་དམིགས་བསལ་ནད་གཞིའི་འགན་བཅོལ”ཉོས་ཏེ་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འགན་བཅོལ་ནང་ཞུགས་རིང་གྲོངས་པའམ་ཡང་ན་དམིགས་བསལ་ནད་གཞི་ཕོག་ཚེ་འགན་ལེན་བྱས་ནས་འགན་བཅོལ་དངུལ་གྲངས་སྒོར་ཁྲི་3སྤྲོད་ཀྱི་ཡོད། བྱེད་ཐབས་དེས་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས) 74ཡི་བཙའ་ལོ་རན་པའི་བུད་མེད་47261ལ་ཕན་པ་ཐོབ་རྒྱུ་ཡིན་པས་རྒྱལ་ཡོངས་སུ་གཟིགས་སྐྱོང་དེ་ལྟ་བུ་བྱེད་ཐེངས་དང་པོ་ཡིན་པ་རེད།
མིག་སྔར་རང་ལྗོངས་ཀྱིས་ས་ཁུལ(གྲོང་ཁྱེར)རིམ་པའི་མ་བུ་བདེ་སྲུང་ཁང་7བཙུགས་པ་དང་རྫོང་74ཡི་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཚང་མར་མ་བུ་བདེ་སྲུང་ས་ཚིགས་བཙུགས་ཡོད། རིམ་ཁག་མ་བུ་བདེ་སྲུང་སྒྲིག་གཞིར་དགོས་ངེས་ཀྱི་སྨན་བཅོས་བདེ་སྲུང་སྒྲིག་ཆས་དང་སྐོར་སྐྱོད་ཞབས་ཞུའི་རླངས་འཁོར་སོགས་བཀོད་སྒྲིག་བྱས་པས་གཞི་རིམ་གྱི་མ་བུ་བདེ་སྲུང་ཞབས་ཞུའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། ཤང(གྲོང་རྡལ)683གྱི་འཕྲོད་བསྟེན་ཁང་དང་སྲིད་འཛིན་གྲོང་ཚོ་5000ལྷག་ཙམ་གྱི་འཕྲོད་བསྟེན་ཁང་ཚང་མར་གཞི་རྩའི་མ་བུ་བདེ་སྲུང་གི་ཞབས་ཞུའི་ལས་དོན་སྤེལ་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྦྲུམ་མ་དང་བྱིས་པའི་བདེ་སྲུང་དོ་དམ་ལ་ཤུགས་སྣོན་གྱིས་བུད་མེད་དང་བྱིས་པའི་རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་གཞི་འགོག་བཅོས་དང་སྔོན་འགོག་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ཆབ་མདོ་བཅས་གྲོང་ཁྱེར་4ཡི་རྫོང་6ཏུ་ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་ནུ་མའི་འབྲས་སྐྲན་དང་བུ་སྣོད་འབྲས་སྐྲན་ལ་བརྟག་དཔྱད་བྱེད་པའི་རྣམ་གྲངས་ལག་ལེན་བསྟར་ཡོད། 2011ལོའི་ལོ་མཇུག་བར་ཞིང་འབྲོག་ཁུལ་གྱི་ན་སོ་དར་ལ་བབས་པའི་བུད་མེད་8000ལ་བུ་སྣོད་འབྲས་སྐྲན་ཕོག་མིན་བརྟག་དཔྱད་དང་ཞིང་འབྲོག་ཁུལ་གྱི་བུད་མེད་8700ལ་ནུ་མའི་འབྲས་སྐྲན་ཕོག་མིན་བརྟག་དཔྱད་བྱས་པས་ནད་གཞི་ཕོག་པའི་བུད་མེད་སྔ་ཙམ་སྨན་བཅོས་ཐུབ་ཐབས་བྱས་ཡོད། སྐྱེས་མ་ཐག་པའི་ཕྲུ་གུ་ལེགས་བཙའ་ལེགས་གསོ་ཐུབ་པ་བྱས་ནས་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་སྐྱེས་ཚད་དམའ་རུ་གཏོང་ཆེད་རང་ལྗོངས་ཀྱིས“ལོ་མའི་སྐྱུར་རྒྱུ”གསབ་པའི་རྣམ་གྲངས་ལག་ལེན་བསྟར་ཡོད། རིམས་འགོག་ལས་དོན་ཐད་རིམས་འགོག་སྨན་ཁབ་རིགས་9བརྒྱབ་ནས་འགོས་ནད་11སྔོན་འགོག་ཐུབ་པ་དང་རིམས་འགོག་སྨན་ཁབ་རྒྱག་ཚད་90%ཡན་རྒྱུན་འཁྱོངས་ཐུབ་པ་བྱས་ཡོད།