དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ སྟོད་ལུང་བདེ་ཆེན་རྫོང་གིས་སློབ་གསོ་སྒྱུར་བཅོས་ཁྱོན་ཡོངས་ནས་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-14

    ད་ཕན་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་རྫོང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་སློབ་གསོའི་ལས་དོན་གྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱས་ཏེ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་། སློབ་གསོར་མ་དངུལ་གཏོང་ཤུགས་འགན་ལེན་ཏན་ཏིག་བྱས་པ། སློབ་གསོའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ། སློབ་གསོ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་ཀུན་གྱིས་དོ་སྣང་བྱེད་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལས་སྟོད་ལུང་གི་སློབ་གསོའི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་མ་ཟད། སློབ་གསོའི་བྱ་གཞག་རྒྱུན་མཐུད་དང་། བརྟན་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་བྱུང་ཡོད།

    འོས་འགན་སློབ་གསོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

    སྟོད་ལུང་བདེ་ཆེན་རྫོང་གི་སློབ་གྲྭ་འབྲིང་ཆུང་ཁག་གིས་བྱང་ཚད་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་ནས་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུ་དང་ལུས་ཁམས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་བཏང་ཞིང་། ཀུན་སྤྱོད་སློབ་གསོ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀུན་སྤྱོད་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སློབ་མ་རེར་ཆ་སྙོམས་ཀུན་སྤྱོད་སློབ་གསོའི་གྲོན་དངུལ་སྒོར་50དོན་ཐོག་ཏུ་འཁྱོལ་བ་བྱས་པ་མ་ཟད། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལའང་ཤུགས་སྣོན་བརྒྱབ་ཡོད། 2014ལོར་རྫོང་རིམ་པའི་ནོར་སྲིད་ནས་མུ་མཐུད་མ་དངུལ་བཏང་སྟེ་དུས་ཡུན་ཟླ་བ་གཅིག་གི་སྐབས་གཉིས་པའི་སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་གཉེར་ནས་ལྗོངས་དང་གྲོང་ཁྱེར་གྱིས་ཁས་ལེན་བྱས་པའི་ཀུན་སྤྱོད་སློབ་གསོའི་སྤུས་རྟགས་རྣམ་གྲངས་བཏོད་ཡོད། 2015ལོར་རྫོང་རིམ་པའི་ནོར་སྲིད་སློབ་གསོའི་མ་དངུལ་ཁྲོད་ནས་ཀུན་སྤྱོད་སློབ་གསོའི་ཆེད་དོན་གྲོན་དངུལ་སྒོར་ཁྲི་100བཏང་སྟེ་སློབ་གྲྭའི་སློབ་གཉེར་རྣམ་པ་ཚད་ལྡན་དུ་བཏང་བ་དང་། སློབ་ཁྲིད་བྱེད་ཐབས་ལེགས་སུ་བཏང་བ། འབྲེལ་ཡོད་སློབ་མ་དང་། དགེ་རྒན། སློབ་ཁྲིད་བཅས་ཀྱི་རྒྱུན་གཏན་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ། སློབ་གྲྭ་ཁག་ཏུ་གཏན་འབེབས་བྱས་པའི་སློབ་ཚན་ཚང་མ་སློབ་ཁྲིད་བྱས་པ། སློབ་མ་ཚང་མར་སློབ་ཁུངས་བཟོས་ནས་སློབ་ཁུངས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། སློབ་ཤོར་ཁྱོན་ཡོངས་ནས་ཚོད་འཛིན་བྱས་པ། ཕྱོགས་མིའི་བུ་ཕྲུག་ཐག་ཉེ་སའི་སློབ་གྲྭར་སྐྱོད་ཐུབ་པ་འགན་ལེན་བཅས་བྱས་ཡོད་པ་རེད།

    སློབ་ཞུགས་གོང་གི་སློབ་གསོའི་གཞི་ཁྱོན་རགས་ཙམ་ཆགས་པ།

    བུ་བཅོལ་ཁང་གི་སློབ་གསོ་ནི་རྨང་གཞིའི་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མི་ཞིག་གི་མི་ཚེར་རྨང་གཞི་བཟང་པོ་ཞིག་འདིང་བའི་རྨང་རྡོ་ལྟ་བུ་ཡིན་པས། སྟོད་ལུང་བདེ་ཆེན་རྫོང་གིས་བྱིས་པའི་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། 2011ལོ་ནས་བཟུང་། སློབ་ཞུགས་གོང་གི་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་གསར་དུ་བསྐྲུན་པའི་སྟོད་ལུང་ཧྲེ་ཅིན་ཧྲན་ལྟེ་བའི་བུ་བཅོལ་ཁང་གིས་བྱིས་པ་300བསྡུས་ཡོད་པ་མ་ཟད། ལྟེ་བའི་སློབ་ཆུང་དང་ཆ་ཚང་སློབ་ཆུང་ཚང་མར་སློབ་ཞུགས་གོང་གི་འཛིན་གྲྭ་བཙུགས་ཡོད། 2012ལོར་སློབ་གསོ་སྒྱུར་བཅོས་ཀྱི་ལས་དོན་སྤེལ་རྗེས། སློབ་གྲྭའི་བཀོད་པ་བཅོས་སྒྲིག་བྱེད་སྐབས། བྱིས་པའི་སློབ་གསོའི་སྒྲིག་ཆས་བསྐྲུན་རྒྱུ་འཆར་འགོད་ནང་བཅུག་པ་དང་། སློབ་གྲྭའི་བཀོད་པ་བཅོས་སྒྲིག་བྱས་རྗེས་ཀྱི་སློབ་ཁྲིད་ས་ཚིགས་ལྷག་མ་གང་ལེགས་སྤྱད་དེ་སློབ་ཞུགས་གོང་གི་རྒྱ་བོད“སྐད་གཉིས”ཀྱི་སློབ་གསོ་ཁྱབ་གདལ་ཤུགས་ཆེན་བཏང་ཡོད། 2015ལོར་བུ་བཅོལ་ཁང་གི་དགེ་རྒན་ཆེད་ལས་ཅན་དུ་འགྱུར་བ་བྱ་རྒྱུ་དེ་ཉིན་རེའི་ལས་ཀའི་གྲོས་རིམ་ནང་བཞག་པ་དང་འབྲེལ་འགྲན་བསྡུར་གྱིས་གསོ་སྐྱོང་གི་ཚབ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་སྐབས་དང་པོའི་བུ་བཅོལ་ཁང་དགེ་རྒན་གྱི་སློབ་ཚན་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ཞིང་། སློབ་སྦྱོང་དང་ཕྱིར་རྟོག་བྱས་པ་བརྒྱུད་ཆེད་ལས་ཤེས་བྱ་མཐོ་རུ་ཕྱིན་པ་མ་ཟད། དགེ་རྒན་གྱི་སློབ་ཁྲིད་དང་ཕྲུ་གུ་སྐྱོང་སྟངས་ཞིབ་འཇུག་ལ་སྔར་བས་ཤུགས་བརྒྱབ་ཡོད།

    ལས་རིགས་སློབ་གསོར་ཕན་འབྲས་ལེགས་པོ་ཐོན་པ།

    སྟོད་ལུང་བདེ་ཆེན་རྫོང་འབྲིང་རིམ་ལས་རིགས་སློབ་གསོར་ཁྲོམ་རས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་་དང་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་དང་ལས་ཀ་མ་རག་པར་ལས་ཞུགས་གསོ་སྦྱོང་གི་ལས་དོན་ཧུར་ཐག་སྤེལ་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ་དང་སྐུལ་འདེད་བཏང་ཞིང་། 2011ལོར་རྫོང་དེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོའི་མ་ལག་སྤྱིའི་ཆ་ནས་ཆགས་པ་དང་2012ལོར་འབྲིང་རིམ་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་ངོ་བོའི་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། ལས་རིགས་ཀྱི་སློབ་གསོ་སློབ་ཁྲིད་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་ཆབས་ཅིག སྟོད་ལུང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཚམ་པའི་ལས་རིགས་སློབ་གསོའི་མ་ལག་རགས་ཙམ་བཙུགས་ཐུབ་པ་དང་། ལས་རིགས་སློབ་གསོའི་ལྟེ་བའི་ལས་དོན་ཡང་ཆ་འཕྲིན་གྱི་བློ་འདྲི་དང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པའི་ཕྱོགས་སུ་རིམ་གྱིས་བར་བརྒལ་བྱུང་བའི་ཁར། ལྷ་ས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་པོར་བརྟེན་པ་དང་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲོམ་ར་དང་ལས་ཞུགས་ཁྲིད་སྟོན་དུ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ཁ་ལོ་བའི་འཛིན་གྲྭ་དང་། བདེ་སྲུང་འཛིན་གྲྭ གཡོས་སྦྱོར་འཛིན་གྲྭ་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ཡོད།

    སློབ་གསོ་སྒྱུར་བཅོས་ལས་དོན་ལ་རིམ་གྱིས་སྐུལ་འདེད་ཐུབ་པ།

    སྟོད་ལུང་བདེ་ཆེན་རྫོང་གིས་2012ལོ་ནས་2014ལོ་བར་གྱི་སློབ་གསོ་སྒྱུར་བཅོས་ལས་དོན་གྱི་འཆར་གཞི་བཟོས་པ་དང་འབྲེལ་སློབ་གསོ་སྒྱུར་བཅོས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བའི་ཐོག མཁྲེགས་ཆས་དང་གཉེན་ཆས་བསྐྲུན་རྒྱུ་ཁྱབ་གདལ་བཏང་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་མ་ཏན་ཏིག་བཏང་ཡོད། སློབ་གྲྭའི་བཀོད་པ་ལེགས་སྒྲིག་དང་། སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ། སློབ་གཉེར་གྱི་ལེགས་ཆ་མཉམ་དུ་འདོན་པ་བཅས་བྱས་པར་བརྟེན་ད་ཆ་རྫོང་དེར་སློབ་གྲྭ་འབྲིང་ཆུང་བརྒྱད་ཙམ་ཡོད། སློབ་གསོ་སྒྱུར་བཅོས་ལ་མ་དངུལ་གཏོང་ཤུགས་དང་སློབ་གསོ་སྒྱུར་བཅོས་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གསོ་སྒྱུར་བཅོས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་འགན་ལེན་བྱས་པ་དང་། ལོ་གསུམ་ནང་རྫོང་དེས་སློབ་གསོ་སྒྱུར་བཅོས་ལ་མ་དངུལ་སྒོར་དུང་ཕྱུར་2.9བཏང་བ་དང་སློབ་གསོ་སྒྱུར་བཅོས་ཀྱི་རྣམ་གྲངས་37བསྐྲུན་པར་བརྟེན། རིགས་ཁག་གི་རྣམ་གྲངས་འཛུགས་སྐྲུན་བརྟན་པོའི་ངང་སྤེལ་ཐུབ་པ་བྱུང་བ་མ་ཟད། མྱུར་ཚད་དང་སྤུས་ཚད་ཀྱང་འགན་ལེན་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།