སློབ་གསོ་ནི་མེས་རྒྱལ་དང་མི་རིགས་དར་རྒྱས་ཀྱི་རྨང་གཞི་ཡིན་ལ། མི་རིགས་ཧྲིལ་པོའི་བྱང་ཚད་གོང་མཐོར་གཏོང་བའི་ཐབས་ལམ་ཞིག་ཀྱང་ཡིན་པ་དང་། སློབ་གསོའི་བྱ་གཞག་ལེགས་པོ་གཉེར་རྒྱུ་ནི་སྤྱི་འབངས་ཡོངས་ཀྱི་གཡོལ་ཐབས་བྲལ་བའི་འགན་འཁྲི་ཞིག་ཡིན་རྐྱེན། རྒྱལ་ཁབ་ཀྱིས་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་མུས་རེད། འོན་ཀྱང་ཞིང་འབྲོག་ཁུལ་དུ་སྔར་བཞིན་སློབ་བྱོལ་སློབ་མ་མི་ཉུང་བ་ཞིག་ཐོན་དང་ཐོན་བཞིན་ཡོད་པ་ནི་དོན་དངོས་ལགས་པས། ཁོ་བོས་དེའི་ཐད་རང་ཉིད་ཀྱི་ལྟ་ཚུལ་ཅུང་ཟད་གླེང་བར་བྱའོ།
གཅིག མིག་མདུན་གྱི་ཁེ་ཕན་ཆུང་ངུར་ལྟ་བ།
དེའང་ཞིང་འབྲོག་ཁུལ་དུ་ཁྱིམ་ཚང་གི་ཆ་རྐྱེན་མི་འདྲ་བར་གཞིགས་ནས་འཕྲད་པའི་གནས་ཚུལ་ཡང་མི་གཅིག་པ་སྟེ། དཔེར་ན་འགའ་ཞིག་ཕྱུགས་རྫི་མི་འདང་བས་བུ་ཕྲུག་སློབ་གྲྭ་ནས་འཐེན་ཏེ་ཕྱུགས་འཚོ་བར་གཏོང་བ་དང་། ལ་ལ་ཁྱིམ་དུ་ངལ་རྩོལ་ནུས་ཤུགས་མི་འདང་བས་བུ་ཕྲུག་གླ་པར་གཏོང་བ་སོགས་གནས་སྐབས་ཀྱི་དཀའ་ངལ་ཆུང་ངུ་སེལ་ཆེད་དུ་བུ་ཕྲུག་གི་མི་ཚེ་གང་སྡུག་ལ་སྦྱོར་གྱི་ཡོད། ཡང་ཁྱིམ་བདག་རེས་འགའི་རིག་གནས་ཆུ་ཚད་དམའ་བའི་ཁར་བསམ་བློའི་གོ་རྟོགས་དམའ་བ་དང་འཚོ་བའི་ཆ་རྐྱེན་ཞན་པས། ཟ་ཐག་ཉེ་ཁྱད་ཀྱིས་བུ་ཕྲུག་གྲོང་ཁྱེར་དུ་བུ་རྫིར་བཏང་ན། གཅིག་ནས་ཁྱིམ་ཚང་གི་འཚོ་བར་ཕན་ཐོགས་པ་དང་གཉིས་ནས་གྲོང་ཁྱེར་ཞེས་པའི་མིང་སྙན་པོ་དེར་ཆགས་དྲགས་པའམ། ཡང་ན་བུ་རྫིར་འགྲོ་མཁན་རེ་གཉིས་གྲོང་ཁྱེར་དུ་རྐང་པ་འཛུགས་ས་ཅུང་ལེགས་པོ་ཞིག་རྙེད་པ་བསམ་བློར་འཁོར་ནས་རང་གི་བུ་ཕྲུག་ལའང་དེ་ལྟ་བུའི་རླུང་རྟ་ཞིག་རྒྱུག་རེ་བྱས་ཏེ། འགན་ལེན་གང་ཡང་མེད་པའི་སྟོང་བསམ་བཅངས་ཏེ་བུ་ཕྲུག་སློབ་གྲྭ་ནས་ཕྱིར་འཐེན་བྱེད་རྐྱང་བྱེད་ཀྱི་ཡོད།
ལྷག་དོན་དུ། རང་ཉིད་ཀྱི་བུ་ཕྲུག་སློབ་གྲྭར་བཏང་རྗེས། མཐར་སློབ་ཐོན་ཡིག་རྒྱུགས་ལོན་མིན་ནི་མུ་མཐུད་སློབ་གྲྭར་འགྲོ་དང་ཡང་ན་ཁྱིམ་དུ་ལོག་ནས་ཞིང་འབྲོག་ལས་བྱེད་དགོས་མིན་ཐག་གཅོད་བྱེད་པའི་འགག་རྩ་ཞིག་ཡིན་པས། སློབ་མ་ལ་ལ་སྐར་གྲངས་མ་ལོན་པར་ཁྱིམ་དུ་མི་ལོག་ཀ་མེད་ཆགས་ཀྱི་ཡོད། དེས་ན། སློབ་གྲྭར་འགྲོ་རིང་གི་ལོ་དེ་དག་ནང་ཞིང་འབྲོག་ལས་ལ་རྒྱུས་མངའ་མེད་པའམ་དེ་ཙམ་མི་ཤེས་པ་ཞིག་ཆགས་པ་དང་། ཐ་ན་ཞིང་འབྲོག་པའི་ལས་སྣ་གང་ཞིག་ཀྱང་བྱེད་མི་ཤེས་པའམ་མི་ནུས་པ། ཡང་ན་གཞན་གྱི་རྗེས་མི་ཟིན་པས་ལས་ཀར་འཐུས་ཤོར་འགྲོ་བ་ནི་སྨོས་མེད་རེད། དེར་བརྟེན་ཁྱིམ་བདག་མང་པོ་ཞིག་གི་བློ་ངོར་བུ་ཕྲུག་སློབ་གྲྭར་མུ་མཐུད་བཏང་རུང་། གལ་སྲིད་རྒྱུགས་ཚད་མ་ལོན་ཕྱིན་ལས་ཅི་ཡང་མི་ནུས་པའམ་ལང་ཤོར་དུ་འགྲོ་གི་ཡོད་པའི་འདུ་ཤེས་ཤིག་ཆགས་ནས། རང་གི་བུ་ཕྲུག་ཀྱང་གནས་བབ་དེ་འདྲ་ཞིག་ཏུ་མི་ལྷུངས་པ་བྱེད་དགོས་སྙམ་སྟེ་བུ་ཕྲུག་སློབ་གྲྭར་མུ་མཐུད་གཏོང་འདོད་བྱེད་ཀྱི་མེད།
གཉིས། སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྕི་དྲགས་པ།
ད་ལྟའི་ཆར་སློབ་གྲྭ་ཁག་ཏུ་སློབ་མའི་ཕྱོགས་ཡོངས་གོང་འཕེལ་གཏོང་ཆེད་དུ་བཀོད་སྒྲིག་བྱས་པའི་སློབ་ཚན་གྱི་རྣམ་གྲངས་མང་བ་དང་། དེའི་ཐོག་སློབ་གྲྭ་མང་པོར་བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་ཛ་དྲག་ངང་ལག་བསྟར་བྱེད་བཞིན་ཡོད་པ་དེས། སློབ་མར་རང་བཞིན་གྱིས་གནོན་ཤུགས་སྤྲོད་ཀྱི་ཡོད། ལྷག་དོན་དུ་སློབ་མ་རྣམས་དགེ་རྒན་གྱི་བཀའ་བཞིན་ཤེས་ཀྱང་མ་ཤེས་ཀྱང་སློབ་སྦྱོང་གི་ལས་འགན་ལྕི་པོ་ཞིག་བསྒྲུབ་དགོས་པས་ན། སློབ་མ་མང་པོ་ཞིག་གི་བསམ་བློའི་ནང་ཁུར་པོ་ལྗིད་པོ་ཞིག་གིས་བསྣན་ཏེ། སློབ་གྲྭ་ཞེས་མཛེས་སྡུག་ལྡན་པའི་མིང་དེ་ཁོ་ཚོའི་སེམས་ནས་ཡོངས་སུ་ཡལ་འགྲོ་གི་ཡོད་པས། སློབ་གྲྭར་སྐྱོད་མི་འདོད་པའི་བློ་ཞིག་ངང་གིས་ཆགས། རྒྱུ་རྐྱེན་དེ་དག་གིས་སློབ་མ་རྣམས་སློབ་གྲྭ་དང་དགེ་རྒན་ལ་དགའ་ཞེན་ཇེ་ཆུང་དུ་འགྲོ་བ་དང་སློབ་སྦྱོང་བྱེད་པའི་སེམས་ཤུགས་ཉམས་ཞན་དུ་ཕྱིན་ནས། སློབ་སྦྱོང་ལ་བརྩོན་སེམས་མེད་པར་གྱུར་པ་མ་ཟད། སློབ་སྦྱོང་གི་སྦྱངས་འབྲས་ཇེ་ཞན་ཇེ་སྡུག་ཏུ་གྱུར་ནས་མཐར་སློབ་གྲྭར་འགྲོ་འདོད་མེད་པ་ཆགས་ཀྱི་ཡོད། ལྷག་དོན་དུ། སློབ་མའི་དགའ་ཕྱོགས་ལ་མ་བལྟོས་པར་སྐར་གྲངས་ཁོ་ནར་ལྟ་བའི་སློབ་ཁྲིད་ལམ་ལུགས་དེས་སློབ་མ་སོ་སོའི་དགེ་མཚན་འདོན་སྤེལ་མི་ཐུབ་པ་དང་། རྒྱུག་པ་ལེབ་རྡུང་གི་སློབ་ཁྲིད་འཆིང་རྒྱ་ལས་སྒྲོལ་མ་ཐུབ་པས། སྔར་བཞིན་སློབ་བྱོལ་བྱེད་མཁན་མང་པོ་ཐོན་གྱི་ཡོད། དེར་བརྟེན། རྣག་ཐོག་བཙག་འཁེལ་གྱི་ཞིབ་ཕྲའི་བྱ་ཐབས་ལ་བརྟེན་ནས་སློབ་བྱོལ་གནས་ཚུལ་གཏན་འགོག་བྱ་དགོས།
གསུམ གོང་འོག་ཟུང་འབྲེལ་གྱི་བྱ་ཐབས་ནན་པོ་སྤྱོད་དགོས།
རྣམ་ཀུན་རྫོང་དང་ཤང་མི་དམངས་སྲིད་གཞུང་གིས་གོང་རིམ་ནས་ལྟ་སྐོར་བྱེད་མཁན་ཡོང་བའམ། ཡང་ན་གལ་ཆེའི་ཞིབ་བཤེར་ཁག་གི་དུས་སུ་གཞི་ནས་གྲོང་ཚོར་བསྐྱོད་དེ་མང་ཚོགས་ལ་བུ་ཕྲུག་སློབ་གྲྭར་གཏོང་བའི་སྐུལ་མ་གཏོང་བའམ་ཆད་པ་གཅོད་པ་ལས། དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་དེ་ཙམ་མི་བྱེད་པས། ཁྱིམ་བདག་གམ་སློབ་མས་སློབ་གྲྭར་འགྲོ་རྒྱུ་དེ་ཁྲལ་ལྟ་བུར་བརྩིས་ནས་ཁ་གཏད་གཅོག་ཆེད་ཉིན་གཉིས་གསུམ་མམ་གཟའ་འཁོར་རེ་གཉིས་མ་གཏོགས་སློབ་གྲྭར་མི་ཡོང་བས། རྫོང་དང་ཤང་མི་དམངས་སྲིད་གཞུང་ནས་རང་ཁོངས་ཀྱི་སློབ་མའི་སློབ་སྦྱོང་གནས་ཚུལ་ལ་དོ་ཁུར་བྱ་རྒྱུ་དེ་སྤྱི་དམངས་ཡོངས་ཀྱི་བྱང་ཚད་གོང་མཐོར་གཏོང་རྒྱུའི་གལ་ཆེའི་ནང་དོན་ཞིག་ཏུ་བརྩི་བ་དང་ཞིབ་ཕྲའི་བྱ་ཐབས་ལ་བརྟེན་ནས་དམ་འཛིན་ནན་པོ་བྱ་དགོས།
ད་དུང་སློབ་གྲྭས་སློབ་བྱོལ་སློབ་མར་ལམ་སེང་དངུལ་ཆད་གཅོད་པ་ནི་བྱ་ཐབས་ལེགས་པོ་ཞིག་མིན་ཏེ། ཁྱིམ་ཚང་གི་ཆ་རྐྱེན་སྐྱོ་བ་དག་ལ་དངུལ་ཆད་གཅོད་པ་ནི་དོན་དངོས་དང་མི་འཚམ་པ་ཞིག་ཡིན་ལ། བྱ་ཐབས་དེ་སྟབས་བདེ་དྲགས་པས་སློབ་གསོའི་ནུས་པ་ཆེན་པོ་མི་ཐོན་ལ་དངུལ་ཡོད་ན་སློབ་བྱོལ་བྱ་ཆོག་པ་ལྟ་བུར་མངོན་གྱི་ཡོད། དེས་ན་སློབ་བྱོལ་གྱི་སྣང་ཚུལ་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་ནན་ཏན་བྱས་ཏེ་གནས་ཚུལ་མི་གཅིག་པར་ཐབས་ཤེས་ཀྱང་མི་འདྲ་བ་སྤྱོད་པ་དང་། དོན་དངོས་དང་འཚམ་ལ་ཚན་རིག་དང་མཐུན་པ་དང་། ཚང་མས་དང་ལེན་བྱེད་ཐུབ་པ། དེ་བཞིན་ཕན་འབྲས་མཐོ་བའི་བྱ་ཐབས་ལ་བརྟེན་ནས་སློབ་བྱོལ་གནས་ཚུལ་གཏན་འགོག་ཐུབ་པ་བྱ་རྒྱུ་ནི་སློབ་གྲྭ་ཁག་གི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་བརྩི་དགོས།
བཞི། ཕན་ཚུན་གཞོགས་འདེགས་དམ་ཟབ་བྱེད་དགོས།
བསྡོམས་རྩིས་བྱས་པའི་གྲངས་གཞི་ཞིག་ལས་ཞིང་འབྲོག་ཁུལ་གྱི་བུ་ཕྲུག་གྲོང་ཁྱེར་དུ་བུ་རྫིར་བཏང་བའི་གྲངས་3000ལྷག་ཙམ་ཟིན་གྱི་ཡོད་པར་གྲགས། ང་ཚོས་བལྟས་པ་ཙམ་གྱིས་གྲངས་ཀ་དེ་ཉུང་ཉུང་མ་ཡིན་པ་ཤེས་ཐུབ། དོན་དམ་དུ་བྱིས་པ་དེ་དག་གི་སློབ་གསོ་མྱོང་བའི་དབང་ཆ་ནི་ཁྱིམ་བདག་གིས་ཕྲོགས་པ་ཞིག་ཡིན་པས། ཁྱིམ་བདག་ཚོས་གནས་སྐབས་ཀྱི་ཁེ་གྱོང་ཕྲན་བུར་བལྟོས་ནས་བུ་ཕྲུག་རང་དགར་སློབ་གྲྭ་ནས་འཐེན་ན་ཁོང་ཚོའི་མདུན་ལམ་དང་མི་ཚེའི་རིན་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་གལ་ཆེའི་གནད་དོན་དེར་བསམ་གཞིག་ནན་པོ་བྱ་དགོས།
ཕྱོགས་གཞན་ཞིག་ནས་བཤད་ན། ད་ལྟའི་ཆར་སློབ་མའི་སྦྱངས་འབྲས་ལ་གཞིགས་ནས་དགེ་རྒན་ལ་བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད། འོན་ཀྱང་དགེ་རྒན་གྱི་རེ་བ་དང་སློབ་མའི་ཤེས་ཚད་དབར་ཧེ་བག་ཧ་ཅང་ཆེ་སྟབས། ཁལ་ལྕི་དྲཌ་པའི་བོང་བུས་འཕག་འཚག་རྒྱག་པ་བཞིན། སློབ་མ་མང་པོ་ཞིག་སློབ་བྱོལ་བྱེད་པའི་རྒྱུ་རྐྱེན་གྲས་སུ་གྱུར་ཡོད། དེས་ན་དགེ་རྒན་ཚོས་སློབ་མར་ཚ་འདེད་གཏོང་དྲགས་རྒྱུ་མེད་པར། གང་ལ་གང་འཚམ་གྱི་བྱ་ཐབས་ལ་བརྟེན་ནས་སློབ་སྦྱོང་གི་སྦྱངས་འབྲས་ལེགས་སུ་གཏོང་རྒྱུར་སྐུལ་ལྕག་གཏོང་དགོས་པ་དཔེར་ན། སྦྱངས་འབྲས་ཕུལ་བྱུང་གི་བྱ་དགའ་དང་། སློབ་གྲྭར་རྟག་འབྱོར་གྱི་བྱ་དགའ་སོགས་སྤྲད་དེ་སློབ་སྦྱོང་གི་ཧུར་སེམས་འཕེལ་ཐབས་བྱས་ཏེ་སློབ་བྱོལ་སྔོན་འགོག་བྱ་དགོས།
གོང་དུ་གླེང་བ་ནི་ཁོ་བོས་ལོ་བཅུ་གྲངས་རིང་སློབ་གསོའི་ལས་ཀར་ཞུགས་པའི་ནང་མཐོང་ཐོས་མྱོང་གསུམ་བྱུང་བའི་གནས་ཚུལ་མང་དག་ཅིག་ལ་བསམ་གཞིག་ནན་ཏན་བྱས་ཁུལ་གྱིས་བྱུང་བའི་ལྟ་ཚུལ་ཙམ་ཡིན། འོན་ཀྱང་གནད་དུ་མ་འཁེལ་བ་དང་། ལག་ལེན་བསྟར་མི་རུང་བ་སོགས་ཀྱི་སྐྱོན་ཆ་ཅི་རིགས་ཡོད་སྲིད་པས། ཞིང་འབྲོག་ཁུལ་གྱི་སློབ་གསོའི་བྱ་བར་ཐུགས་བསམ་བཞེས་ཤིང་ལེགས་སྐྱེས་འབུལ་མཁན་གྱི་དཔྱོད་ལྡན་རྣམ་པས་དགོངས་བཞེས་ཡོད་པར་འཚལ།
(སྙེ་མོ་རྫོང་སློབ་འབྲིང་གི་དགེ་མིང་འཛིན་པ་ཟླ་བ་བག་གྲོས)