སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་འགྲན་རྩོད་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ལ། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་རྣམ་པ་ཟབ་ཏུ་འགྲོ་བཞིན་ཡོད་པ་ཀུན་གྱིས་མཐོང་མུས་ལགས། དེ་ལྟ་བུའི་འགྲན་རྩོད་ཀྱིས་ཁེངས་པའི་ཁོར་ཡུག་ཁྲོད་འཚོ་ཞིང་གནས་པའི་མགོ་ནག་སྐྱེ་བོ་ཞིག་ལ་ཆ་མཚོན་ན། རང་ཉིད་ལ་རིག་ཚན་ཀུན་གྱི་ཡོན་ཚད་ལེགས་པོ་ཞིག་དང་། གསར་གཏོད་ཀྱི་སྙིང་སྟོབས་ཆེན་པོ་ཞིག འགྲན་རྩོད་ཀྱི་འདུ་ཤེས་ཟབ་མོ་ཞིག་མ་ལྡན་ན། ཐ་མ་གཞན་བརྟེན་གྱི་གནས་སུ་གྱར་ངེས། འོ་ན་དུས་རབས་ཀྱི་གོམ་བགྲོད་དང་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་པའི་སྤྱི་འབངས་ཚད་ལྡན་ཞིག་གསོ་སྐྱོང་བྱེད་པར་གང་ལ་བརྟེན་དགོས་ཤེ་ན། དེ་ནི་སློབ་གསོར་བརྟེན་རྒྱུ་ལས་མ་འདས། སློབ་གསོ་ཡང་ཐོག་མར་སློབ་གྲྭའི་བསླབ་གཞི་སྒྱུར་བཅོས་ནས་འགོ་འཛུགས་དགོས། འདིར་བསླབ་གཞི་གསར་པས་སློབ་མའི་ཕྱོགས་ཡོངས་ཀྱི་བྱང་ཚད་གོང་མཐོར་གཏོང་བར་ཕན་འབྲས་ལྡན་པའི་སྐོར་རགས་ཙམ་གླེང་བར་བྱ་བའོ།
དང་པོ། སྲོལ་རྒྱུན་གྱི་སློབ་ཁྲིད་བྱ་ཐབས་ཀྱི་ལེགས་ཆ་དང་བསླབ་གཞི་གསར་པའི་སློབ་ཁྲིད་བྱ་ཐབས་ཟུང་འབྲེལ་བྱས་ན་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཕན་པ་འདོགས་ཐུབ།
སློབ་གསོ་ནི་དམིགས་ཡུལ་ངེས་ཅན་ཞིག་གི་དགོས་མཁོར་དམིགས་ནས་སློབ་གསོ་གཏོང་ཡུལ་གྱི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ་བཅས་ཡར་རྒྱས་གཏོང་བའི་འཆར་གཞི་ཡོད་པའི་བྱེད་སྒོ་ཞིག་དང་། མི་ཞིག་གི་མ་འོངས་ལ་ཁ་ལོ་སྒྱུར་བའི་བྱ་གཞག་གལ་ཆེན་ཞིག་ཡིན། དེ་ཡང་སློབ་གསོ་མཁས་ཅན་ཨའེ་མོ་ཧྲེང་གིས“སློབ་གསོ་གཏོང་སྐབས་བྱིས་པའི་དུས་སྐབས་ནས་སེམས་ཁམས་སུ་གོམས་གཤིས་ལེགས་པོ་ཡོང་བ་བྱ་དགོས”ཞེས་གསུངས་པ་ལྟར་བྱིས་པའི་དུས་སྐབས་ནས་སློབ་མའི་སེམས་ཁམས་ལ་ཤེས་བྱ་དང་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་གོམས་འདྲིས་བཟང་པོ་ཞིག་འཇགས་པ་བྱ་དགོས། སྲོལ་རྒྱུན་ལྟར་ན། སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ནི་བྱིས་པར་ཤེས་བྱ་ངོ་སྤྲོད་བྱ་རྒྱུ་དེ་ཡིན་པ་དང་། བསླབ་གཞི་གསར་པའི་དགོངས་པ་ལྟར་ན། སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ནི་སློབ་མར་ཤེས་བྱ་དང་ཀུན་སྤྱོད། སེམས་ཁམས་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། དེས་ན་ང་ཚོས་སྲོལ་རྒྱུན་སློབ་ཁྲིད་ཀྱི་ལེགས་ཆ་ཕྱོགས་བསྡུས་བྱས་ཏེ་བསླབ་གཞི་གསར་པའི་ཁྲིད་ཐབས་དང་ཟུང་འབྲེལ་ལེགས་པོ་ཐུབ་ན། སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་ཐུབ་སྙམ་མོ། བསླབ་གཞི་སྒྱུར་བཅོས་ཀྱི་དམིགས་ཚད་ནང་བསླབ་གཞི་སྒྱུར་བཅོས་ཀྱི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་མཁོ་བའི་ཁྱོན་ཡོངས་ཀྱི་ནུས་པ་ལྡན་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་ལྟར། བསླབ་གཞི་གསར་པ་ནི་མར་ཁེ་སི་རིང་ལུགས་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་བྱས་ཏེ་སློབ་མའི་རང་འགུལ་གྱི་འདུ་ཤེས་དང་ཡར་རྒྱས་ཀྱི་བསམ་བློར་སྐུལ་སློང་ལེགས་པར་བྱས་ནས་སློབ་ཁྲིད་ཀྱི་ནང་དོན་གཏན་འཁེལ་བྱས་ཡོད་པ་དང་། སློབ་ཁྲིད་ཀྱི་བྱེད་ཐབས་ཀྱང་གཙོ་བོ་དགེ་རྒན་མ་ཡིན་པར་སློབ་ཁྲིད་ཀྱི་བྱེད་ཐབས་ལེགས་པར་བདམས་ཡོད་པས། སློབ་མའི་མཐོང་རྒྱ་ཆེ་རུ་གཏོང་བ་སོགས་ལ་དོ་སྣང་ཆེན་པོ་བྱས་ཡོད། མདོར་ན། དུས་རབས་ཀྱི་ཁྱད་ཆོས་དང་འདུ་ཤེས་མཚོན་པ་དང་། སྣ་མང་རིག་གནས་ལ་བརྩི་འཇོག་སོགས་བྱས་ཡོད་པས་ན། སྒོ་ཀུན་ནས་སློབ་མའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་ལ་འགྱུར་ལྡོག་བྱུང་སྟེ་སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་གོང་མཐོར་འགྲོ་རྒྱུ་ནི་སྨོས་མེད་རེད།
གཉིས་པ། བསླབ་གཞི་གསར་པས་སློབ་མའི་རྩོམ་འབྲིའི་བྱང་ཚད་གོང་མཐོར་གཏོང་ཐུབ།
སློབ་མ་ནི་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་གཞི་མ་ཡིན་པས། བསླབ་གཞིའི་ནང་ཧུར་བརྩོན་དང་། མཉམ་ལས། འཚོལ་ཞིབ་སོགས་ལ་སྐུལ་འདེད་བཏང་ནས་བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་བ་དང་། བག་ལ་ཞ་བའི་གསར་གཏོད་ཀྱི་ནུས་པ་སྔོག་འདོན་བྱེད་པ་དང་། སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་པ། ཉེ་འཁོར་གྱི་བྱ་དངོས་ལ་ལྟ་ཞིབ་བྱེད་པའི་གོམས་གཤིས་འཇགས་པ། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་རྟོགས་པ་སོགས་ཀྱི་ནང་དོན་བཀོད་སྒྲིག་བྱས་ཡོད་པས། ཕུན་སུམ་ཚོགས་པའི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་ཤེས་བྱས་ལྟ་ཞིབ་ཀྱི་ནུས་པ་དང་། དབྱེ་ཞིབ་ཀྱི་ནུས་པ་སོགས་མཐོ་རུ་གཏོང་བར་སྐུལ་འདེད་ཐེབས་ངེས་རེད་ལ། དེ་བཞིན་སློབ་མའི་བསམ་གཞིག་གི་ནུས་རྩལ་སྦྱོང་བརྡར་དང་གོང་མཐོར་གཏོང་ཐུབ་ལ། ཕྱི་རོལ་ཡུལ་གྱི་ལྐོག་གྱུར་དུ་གྱུར་པའི་ཤེས་བྱ་མི་ཉུང་བ་ཞིག་རང་ཉིད་ཀྱི་ཤེས་བྱར་གྱུར་ནས་སློབ་མའི་རྩོམ་འབྲིའི་ཆུ་ཚད་དང་དབྱེ་ཞིབ་ཀྱི་ནུས་པ་གོང་མཐོར་འགྲོ་ཐུབ་རྒྱུ་རེད། ལྷག་དོན་དུ། འཚོལ་ཞིབ་ཀྱི་ནུས་པ་སྐྱེད་སྲིང་བྱས་པ་དེས་སློབ་མས་རང་བྱུང་ཁམས་ཀྱི་བྱ་དངོས་ལ་འཚོལ་ཞིབ་དང་རྟོག་དཔྱོད་བྱས་ཏེ་དེ་དག་རྩོམ་ཡིག་གི་ལམ་དུ་བསྒྱུར་ཐུབ་པ་བྱེད་ཀྱི་ཡོད་པས། གང་དེ་མཁས་པ་མང་པོས“རྩོམ་ཡིག་ལེགས་པོ་ཞིག་འབྲི་བར་རྒྱུན་གཏན་ནས་བྱ་དངོས་ལ་ཉམས་ཞིབ་དང་བསམ་གཞིག་གང་ལེགས་བྱས་ཏེ་རྒྱུ་ཆ་གསོག་འཇོག་བྱ་དགོས”ཞེས་གསུངས་པ་དེའོ། དེས་ན། ད་ལྟའི་བསླབ་གཞི་སྒྱུར་བཅོས་ཀྱིས་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་རྒྱུར་སྔར་ལས་ལྷག་པའི་ནུས་པ་ལྡན་ཡོད།
མདོར་ན། འཕེལ་རྒྱས་དང་། འཛུགས་སྐྲུན། སྒྱུར་བཅོས་བྱེད་པར་གཙོ་བོ་རིག་གནས་སློབ་གསོར་རག་ལུས་ཤིང་། དེ་ཡང་དང་ཐོག་བསླབ་གཞི་སྒྱུར་བཅོས་དང་། སློབ་ཁྲིད་བྱ་ཐབས་ལེགས་སྒྱུར་བྱས་ནས་སློབ་གསོ་གོང་འཕེལ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་འབད་འཐབ་བྱེད་དགོས་པ་དང་། རྨང་གཞི་དེའི་ཐོག་དུས་རབས་དང་བསྟུན་ནས་རིམ་བཞིན་སྔོན་ཐོན་གྱི་རྒྱལ་ཁབ་བམ་མི་རིགས་གཞན་གྱི་ཕུལ་བྱུང་རིག་གནས་དང་ཚན་རྩལ་ལ་འབད་པས་སྦྱངས་བརྩོན་དང་སྙིགས་དོར་བཅུད་ལེན་བྱ་རྒྱུ་དེ་ཡིན། དེས་ན། ད་ལྟའི་བསླབ་གཞི་གསར་པས་གོང་གསལ་གྱི་དམིགས་ཡུལ་དེ་དག་བསྒྲུབ་རྒྱུར་ནུས་པ་གལ་ཆེན་ཞིག་ཐོན་ངེས་སོ།
(ལྷོ་ཁ་ས་ཁུལ་ཤར་འོད་སློབ་འབྲིང་གི་བློ་བཟང་དབང་མོས)