དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ གསར་འགྱུར་རྩོམ་ཡིག་སྒྱུར་སྟངས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-25

    ཡིག་སྒྱུར་བྱ་གཞག་ནི་སྐད་ཡིག་མི་འདྲ་བའི་དབར་རིག་གནས་དང་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་ཞིག་རེད། རང་རེའི་བོད་ལ་ཆ་མཚོན་ན། མི་འབོར་གྱི་བརྒྱ་ཆ་བརྒྱད་ཅུ་ཙམ་ཞིང་འབྲོག་མང་ཚོགས་ཡིན་ལ། དེའི་ཁྲོད་རྒྱ་སྐད་ཤེས་མཁན་མང་པོ་མེད་པས། ལོ་ཙཱ་བས་བོད་སྐད་ཡིག་ནས་ཏང་གི་སྲིད་ཇུས་དང་མཛད་ཕྱོགས། དམངས་ཕན་གྱི་བྱ་ཐབས་སྲིད་ཇུས་སོགས་དུས་ཐོག་ཏུ་ཡང་དག་པའི་སྒོ་ནས་རྒྱ་ཆེའི་གཞི་རིམ་ཞིང་འབྲོག་མང་ཚོགས་ལ་དྲིལ་བསྒྲགས་ཡག་པོ་བྱེད་དགོས་ཀྱི་ཡོད། དེར་བརྟེན། ལས་དོན་གང་དེའི་གལ་ཆེའི་རང་བཞིན་དང་དགོས་གཏུག་གི་རང་བཞིན་ཆེས་ཆེ་བ་ནི་སྨོས་མེད་ལགས། གསར་འགྱུར་རྩོམ་ཡིག་སྒྱུར་ཐབས་དང་རྒྱུན་གཏན་ལས་དོན་ནང་དོ་སྣང་གང་ཞིག་བྱེད་དགོས་པའི་ཐད་རང་ཉིད་ཀྱི་མྱོང་ཚོར་རམ་ལྟ་ཚུལ་རོབ་ཙམ་གླེང་བར་བྱ་རྒྱུ་སྟེ།

    གཅིག    གསར་འགྱུར་རྩོམ་ཡིག་སྒྱུར་བའི་ཁྱད་ཆོས་དང་ལོ་ཙཱ་བར་འཛོམ་དགོས་པའི་ཆ་རྐྱེན།

    གསར་འགྱུར་རྩོམ་ཡིག་སྒྱུར་སྐབས། མ་ཡིག་གི་བསྟན་དོན་དང་འགལ་མི་རུང་བ་དང་། མྱུར་བར་སྒྱུར་དགོས་པ། བསྒྱུར་བྱའི་ནང་དོན་རྙོག་རྫོབ་ཆེ་བ། ཐ་སྙད་གསར་པ་ཐོན་མང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། གསར་འགྱུར་གང་ཞིག་ཆུ་ཚོད་ཁ་ཤས་སམ་སྐར་མ་ཁ་ཤས་ནང་ཚུན་དུ་བསྒྱུར་ནས་བརྙན་འཕྲིན་དང་ཚགས་པར། དྲ་བ་སོགས་ལ་སྤེལ་དགོས་པར་བརྟེན། ལོ་ཙཱ་བར་དཔྱད་གཞི་དང་ཚིག་མཛོད་སོགས་སྔོག་པའམ་གཞན་ལ་འདྲི་བ། གྲོས་བསྡུར་བྱེད་པ་སོགས་ཀྱི་ཁོམ་པ་དེ་ཙམ་མེད་པས། གསར་འགྱུར་ལོ་ཙཱ་བར་ཤེས་རྒྱ་དང་ཐོས་རྒྱ་ཆེན་པོ་དང་རྩོམ་རིག་ལ་སྦྱངས་གོམས་ངེས་གཏན་ཞིག་མེད་ན་ཡོང་ཐབས་བྲལ། འཛམ་གླིང་གི་ཤེས་བྱ་གསར་ཤོས་དང་གནས་ཚུལ་གསར་ཤོས། ཐ་སྙད་གསར་ཤོས་བཅས་ཚང་མ་ཐོག་མར་གསར་འགྱུར་ལས་ཐོན་གྱི་ཡོད་ལ། དེ་དག་གསར་འགྱུར་ནས་ངོ་སྤྲོད་བྱེད་ཀྱི་ཡོད། ཐ་སྙད་གསར་པ་དེ་དག་ཚིག་མཛོད་དུ་རྙེད་ཐབས་མེད་གཤིས། ལོ་ཙཱ་བས་དུས་དང་རྣམ་པ་ཀུན་ཏུ་དུས་དེབ་དང་དཔེ་ཆ་སྣ་ཚོགས་བལྟས་ནས། ལྟ་རྒྱ་མཐོང་རྒྱ་ཆེ་རུ་གཏོང་དགོས།

    གསར་འགྱུར་གྱི་རིན་ཐང་གཙོ་བོའང་མྱུར་བའི་རང་བཞིན་ནས་མངོན་བཞིན་ཡོད་པས། ལོ་ཙཱ་བས་ཕྱོགས་གཅིག་ནས་མྱུར་པོ་དང་ཅིག་ཤོས་ནས་ནོར་འཛོལ་མི་ཡོང་བའི་འགན་ལེན་བྱ་དགོས་པ་མ་ཟད། སྒྱུར་ཤུལ་མེད་པའི་སྒོ་ནས་མི་རིགས་རང་གི་སྐད་ཡིག་ནས་བརྩམས་པ་དང་ཁྱད་པར་འབྱེད་མི་ཐུབ་པའི་ཚིག་སྦྱོར་གོ་བདེ་པོ་དང་། གནད་དུ་འཁེལ་པོ་དགོས། འོ་ན་དེ་ལྟར་སྒྱུར་བར་ལོ་ཙཱ་བར་ཆ་རྐྱེན་གང་དག་འཛོམ་དགོས་ཤེ་ན། ལོ་ཙཱ་བར་བསམ་བློ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་པོ་དང་བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་ཡིག་གཉིས་ལ་མཁས་དགོས་པ། གཞན་ཡང་མི་རིགས་གཉིས་ཀའི་རིག་གནས་སྤྱི་དང་། ལྷག་ཏུ་སོ་སོའི་ཡུལ་གོམས་གཤིས་ལུགས། ཐུན་མོང་མ་ཡིན་པའི་བསམ་བློའི་འཁྱེར་སོ། མཛེས་དཔྱོད་ཀྱི་ལྟ་བ། བརྡ་སྤྲོད་དང་ཚིག་རྒྱན་སྦྱོར་ལུགས་སོགས་ལའང་བློ་སྦྱོང་ངེས་ཅན་ཞིག་ལྡན་དགོས་པའི་ཁར། རིག་པའི་གནས་སྤྱི་ལའང་མཐོང་རྒྱ་དང་ཐོས་རྒྱ་ཆེ་ཙམ་དགོས་སོ།

    གཉིས།    གསར་འགྱུར་རྩོམ་ཡིག་སྒྱུར་ཐབས་གཙོ་བོ།

    སྒྲ་སྒྱུར་དང་དོན་སྒྱུར། ཐད་སྒྱུར། སྣོན་སྒྱུར། འཕྲི་སྒྱུར་བཅས་ནི་གསར་འགྱུར་ཡིག་སྒྱུར་ལ་ཐོན་མང་བའི་སྒྱུར་ཐབས་རེད། རང་རྒྱལ་གྱི་གནའ་རབས་ལོ་ཙཱ་བ་ཞོན་ཙང་གིས་བཏོན་པའི“བསྒྱུར་མི་རུང་བ་ལྔ”ཡི་དགོངས་པ་དེ་སྒྲ་སྒྱུར་ལ་གོ་ཞིང་། གསར་འགྱུར་རྩོམ་ཡིག་སྒྱུར་སྐབས་ས་མིང་དང་ཡུལ་མིང་། རྒྱལ་ཁབ་མིང་། རི་མིང་། ཆུ་མིང་། མི་མིང་། འདོད་རྒྱལ་གྱི་མིང་གསར་པ་ཆ་ཚང་སྒྲ་སྒྱུར་བྱེད་དགོས་ལ། ཚན་རྩལ་གྱི་མིང་དང་། གོ་གནས་མིང་། སྡེ་ཚན་གྱི་མིང་། ཟས་རིགས་དང་འཚོ་བའི་སྤྱོད་ཆས། རིང་ཐུང་དང་ལྗིད་ཚད་སོགས་འཇལ་བྱེད་མིང་སོགས་འགའ་ཞིག་སྒྲ་སྒྱུར་བྱེད་དགོས་ཀྱི་ཡོད་པ་དཔེར་ན། “中国,书记, 萝卜, 桌子,亩”བཅས་རིམ་པས་བཞིན“ཀྲུང་གོ་དང་། ཧྲུའུ་ཅི། ལ་ཕུག སྒྲོག་རྩེ། མུའུ”ཞེས་པར་སྒྲ་སྒྱུར་བྱེད་དགོས།

    དེ་བཞིན་ཐད་སྒྱུར་དང་དོན་སྒྱུར་གཉིས་ནི་གསར་འགྱུར་རྩོམ་ཡིག་སྒྱུར་སྐབས་ཐོན་མང་བའི་སྒྱུར་ཐབས་ལགས། དེ་ཡང་ཚན་རྩལ་དང་ལོ་རྒྱུས་ཡིག་ཚགས། སྲིད་དོན་སྐོར་གྱི་རྩོམ་ཡིག་སྒྱུར་བར་ཐད་སྒྱུར་སྤྱོད་ཆེ་བ་དང་། སྒྱུ་རྩལ་རྩོམ་རིག་ལ་དོན་སྒྱུར་སྤྱོད་ཆེ། འོན་ཀྱང་ལོ་ཙཱ་བས་དོ་སྣང་དང་གཟབ་དགོས་པ་ཞིག་ལ་གསར་འགྱུར་ཡིག་སྒྱུར་སྐབས་ཐད་སྒྱུར་ཚ་དྲགས་ན་བཙན་སྒྱུར་དུ་འགྲོ་ཉེན་ཆེ་བ་དང་། དོན་སྒྱུར་ཆེ་དྲགས་ན་ལོག་སྒྱུར་དུ་འགྱུར་ཉེན་ཆེ་བས། མཐའ་གཉིས་སུ་མ་གྱེས་པའི་ལམ་ནས་སྐབས་བསྟུན་དོན་དང་འཚམ་པའི་སྒྱུར་ཐབས་སྤྱད་རྒྱུ་ནི་གནད་དམ་པར་རྟོགས་དགོས། སྒྱུར་ཐབས་དེ་གཉིས་ལེགས་པར་སྤྱོད་ཤེས་ན། བུ་ཡིག་ཁ་གསལ་གོ་བདེ་དང་ཚིག་སྦྱོར་ཕུན་སུམ་ཚོགས་པ། བསྒྱུར་ཤུལ་མེད་པ། བརྗོད་པ་བདེ་བ། གོང་འོག་འབྲེལ་ཆགས་པ། གསོན་ཉམས་དོད་པ་བཅས་ཡོང་ཐུབ།

    གཞན་ཡང་། མ་ཡིག་གི་བསྟན་དོན་ལེགས་པར་མཚོན་ཐུབ་ཆེད། སྣོན་སྒྱུར་དང་འཕྲི་སྒྱུར། དེ་བཞིན་འགྲེལ་སྒྱུར། བཅོས་སྒྱུར་སོགས་ཀྱི་ཐབས་ཤེས་སྤྱོད་དགོས་ཤིང་། དེ་ལྟར་བྱས་ཚེ་ཀློག་པ་པོར་དེ་བས་གོ་བདེ་བ་དང་ཁ་གསལ་ཡོང་ཐུབ། དཔེར་ན། “改革发展稳定”ལྟ་བུ“སྒྱུར་འཕེལ་བརྟན་གསུམ”ཞེས་འཕྲི་སྒྱུར་བྱས་པ་དང་། “为了提高自己,不断学习别人的长处”ལྟ་བུར“རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་ཕྱིར་མུ་མཐུད་གཞན་གྱི་དགེ་མཚན་སྦྱོང་དགོས”ཞེས་བསྒྱུར་ནས་ཆུ་ཚད་ཞེས་པ་སྣོན་སྒྱུར་བྱེད་དགོས་པ། “一岁马”ལ་ཐོ་རུ་ཞེས་འགྲེལ་སྒྱུར་བྱེད་དགོས་པ། “马粪”དང“羊粪”ལ་ཐད་ཀར“རྟ་སྐྱག”དང“ལུག་སྐྱག”ཅེས་མ་བསྒྱུར་བར“རྟ་སྦངས”དང“རིལ་མ”ཞེས་བཅོས་སྒྱུར་བྱེད་དགོས། སྒྱུར་ཐབས་འདི་དག་ཀྱང་བསྟན་པ་སྔ་དར་གྱི་སྐབས་ནས་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ལག་ལེན་གནང་བ་ཞིག་ཡིན་ལ། སྒྱུར་དོན་གསལ་བར་བྱེད་པ་དང་། ཚིག་རྙོག་བགྲུངས་པར་བྱེད་པའི་གལ་ཆེའི་ཐབས་རྩལ་ཞིག་ཡིན་མོད། འོན་ཀྱང་གོ་དོན་གསལ་བྱེད་ལ་ཕན་པ་མེད་པར་ཚིག་དོན་རང་དགར་སྣོན་འཕྲི་བྱ་རྒྱུ་མེད་ལ། ལྷག་པར་དུ་གསར་འགྱུར་རྩོམ་ཡིག་དང་། བརྡ་ཐོ། ཆབ་སྲིད་ཀྱི་ནང་དོན་སོགས་སྒྱུར་སྐབས་དེ་བས་ཡིད་གཟབ་བྱེད་དགོས། སྣོན་འཕྲིའི་བྱེད་ཐབས་དེ་ཕལ་ཆེ་བ་མི་སྣའི་རྒྱས་འཕྲིན་དུ་ཐོན་མང་བའོ།

    དེ་མིན་ཕྱེད་སྒྲ་སྒྱུར་དང་ཕྱེད་དོན་སྒྱུར་བྱེད་པ་ཡང་འཕྲད་སྲིད་པ་སྟེ། དཔེར་ན། “回族”ཞེས་པ་ཧུའེ་རིགས་དང་། “王建墓”ཞེས་པ“ཝང་ཅན་བང་སོ” “咖啡茶”ཞེས་པ“ཁོ་ཧྥེ་ཇ” “孟加拉国”ཞེས་པ“བྷངྒ་ལའི་རྒྱལ་ཁབ” “唐僧”ཞེས་པ“ཐང་སིན་བླ་མ”ལྟ་བུ་ཕྱེད་སྒྲ་སྒྱུར་དང་ཕྱེད་དོན་སྒྱུར་བྱས་ན་གོ་བདེའོ།

    གསུམ།   གསར་འགྱུར་ཡིག་སྒྱུར་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན།

    ལོ་ཙཱ་བ་ཞིག་གི་ངོས་ནས་རྒྱུན་གཏན་འཚོ་བའི་ནང་བོད་རང་ལ་ཡོད་པའི་ཐ་སྙད་བསྡུ་རུབ་དང་བཀོལ་སྤྱོད་ལ་དང་དོད་བྱེད་དགོས་པ་མ་ཟད། ངག་རྒྱུན་དུ་ཆགས་ཟིན་པའི་ཐ་སྙད་སྔོག་འདོན་དང་བཀོལ་སྤྱོད་ལ་དེ་བས་དང་དོད་བྱེད་དགོས། དཔེར་ན། “火车”ལ་མེ་འཁོར་ཞེས་ཐ་སྙད་གསར་པ་མ་སྤྱད་པར་ངག་རྒྱུན་དུ་ཆགས་པའི་རི་ལི་དང་། “日本”ལ“འཇར་པན”ཞེས་མ་བརྗོད་པར་རི་པིན། “旅游”ལ“ལྗོངས་རྒྱུ”ཞེས་མ་འབོད་པར་ཡུལ་སྐོར། “尼泊尔”ལ“ནེ་པ་ལ”ཞེས་མ་འབོད་པར་བལ་ཡུལ། “田野”ལ“ས་ཞིང”ཁོ་ན་མ་བསྒྱུར་པར་འོང་ཁ་ཞེས་པ་སོགས་བོད་རང་ལ་སྔར་ནས་ཆགས་པའི་ཐ་སྙད་སྤྱོད་དགོས།

    དེ་བཞིན་མི་རིགས་ཀྱི་གོམས་སྲོལ་ལ་རྒྱུས་མངའ་གཏིང་ཟབ་ཡོད་པ་བྱེད་དགོས་ཤིང་། གལ་སྲིད་ལོ་ཙཱ་བར་མི་རིགས་ཀྱི་གོམས་སྲོལ་ལ་རྒྱུས་མངའ་དེ་ཙམ་མེད་ཚེ། བུ་ཡིག་གི་ནང་དོན་འགའ་ཤས་གོ་ལོག་ཏུ་འགྲོ་ཉེན་ཆེ། གསར་འགྱུར་དུ་གྲངས་ཚིག་བསྡུས་ཡིག་ཐོག་མར་ཐོན་སྐབས་ཀློག་པ་པོ་དང་གསན་པ་པོས་གོ་བདེ་བའི་ཆེད་བསྡུས་ཡིག་གི་ནང་དོན་རྣམས་ཆ་ཚང་པོར་བསྒྱུར་བ་ལས། ཐད་སྒྱུར་བྱས་ན་གོ་དཀའ་བའི་གནས་སུ་གྱུར་པ་དཔེར་ན། “三农”ལ“ཞིང་གསུམ”ཞེས་མ་བརྗོད་པར“ཞིང་ལས་དང་ཞིང་པ། ཞིང་ཁུལ”ཞེས་ཆ་ཚང་པོར་བརྗོད་དགོས། དབྱིན་ཡིག་བསྡུས་ཡིག་རྣམས་ཐད་ཀར་དབྱིན་ཡིག་མ་བྲིས་པར་བོད་སྐད་དུ་ཕབ་དགོས། དཔེར་ན“GDP”ཞེས་པ“རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང”དང་། “GNP”ཞེས་པ“རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང” “WTO”ཞེས་པ“འཛམ་གླིང་ཉོ་ཚོང་རྩ་འཛུགས”སོགས་ཕབ་སྒྱུར་བྱེད་དགོས། རྒྱ་ཡིག་གི་གཏམ་དཔེ་བོད་སྐད་དུ་སྒྱུར་སྐབས་ནང་དོན་དང་འཚམ་པའི་བོད་ཀྱི་གཏམ་དཔེ་སྦྱོར་དགོས་པ་དཔེར་ན། “杀鸡给猴看”ཞེས་པར“ར་བསད་ནས་ལུག་འདར་བ་བཟོས་པ”ཞེས་དང་། “临时抱佛脚”ཞེས་པར“བཙོག་པ་ཤོར་དུས་གསང་སྤྱོད་དྲན”ཞེས་པ་སོགས་བོད་མིའི་ངག་རྒྱུན་དང་འཚམ་པའི་གཏམ་དཔེ་སྤྱད་ན་ཀུན་གྱིས་གོ་བདེ་བའོ།

    མིང་གཅིག་དོན་མང་ལ་འཇུག་པར་བསམ་གཞིག་བྱས་ཏེ་ནང་དོན་འཁྲུལ་མེད་ཡོང་བ་བྱེད་དགོས་པ་དཔེར་ན། “健康”ཞེས་པ་དེ་བདེ་ཐང་ཁོ་ནའི་དོན་མ་ཡིན་པར“国民经济持续健康发展”ལྟ་བུ“རྒྱལ་དམངས་དཔལ་འབྱོར་རྒྱུན་སྲིང་དང་མྱུར་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་གོང་འཕེལ”ཞེས་པའི་དོན་བསྟན་པ་དང་། “东西”ཞེས་པ་དེ་དངོས་པོའམ་ཅ་ལག་ཁོ་ནའི་དོན་མ་ཡིན་པར“你这个狗东西”ཞེས་པར“ཁྱི་རྒན་ཁྱོད”ཅེས་པའི་དོན་ལའང་འཇུག་པ་ཡོད་དོ། དེ་བཞིན་ཚན་རྩལ་རྩོམ་ཡིག་སྒྱུར་བའི་ནང“བཙལ་བཟོ་གཡར”གསུམ་གྱི་སྒྱུར་ཐབས་སྤྱད་རྒྱུར་དོ་སྣང་དང་མཁས་པོ་དགོས། གང་ལྟར་གསར་འགྱུར་གྱི་འགྱུར་མ་རྣམས་ཚིག་སྦྱོར་བདེ་ལ་གོ་བདེ་བ་དང་ཀློག་བདེ་པོ། བོད་སྐད་རང་གི་བྲོ་བ་ལྡན་པ། བརྡ་རྙིང་དང་ཡུལ་སྐད་ཀྱིས་མ་བཅིངས་པ་བཅས་ལ་དོ་སྣང་བྱེད་དགོས་སོ།

    (ལྷོ་ཁའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའི་བསོད་ནམས་བསྟན་པས)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།