སློབ་ཆུང་སློབ་མའི་རྩོམ་ཡིག་འབྲི་སྦྱོང་གི་ནུས་པ་གསོ་སྐྱོང་བྱ་ཐབས་སྐོར་རགས་ཙམ་གླེང་བ།
ཞིང་ལྗོངས་ལྔའི་མཉམ་སྒྲིག་བསླབ་གཞི《འགན་བབས་སློབ་གསོའི་སློབ་ཚན་གྱི་ཚད་གཞིའི་ཚོད་ལྟའི་སློབ་དེབ་སྐད་ཡིག་ལོ་རིམ་བཞི་པའི་སྟོད་ཆའི》《བརྗོད་པ་བསྡུས་འབྲི་དང་རྒྱས་འབྲི་བྱེད་སྟངས》ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ངོ་སྤྲོད་བྱས་པ་ནས་འགོ་བཙུགས་ཏེ་སློབ་མས་བརྗོད་པའི་གོ་དོན་ལེགས་པར་རྟོགས་པ་དང་རྩོམ་འབྲིའི་ཤེས་བྱ་ལ་ངེས་ཤེས་ཙམ་ཡོང་ཕྱིར་རྩོམ་འབྲིའི་ཤེས་བྱ་སྦྱོང་བའི་སློབ་ཚན་རེ་བཀོད་སྒྲིག་བྱས་ནས་རིམ་བཞིན《བྱ་དངོས་ལ་ལྟ་ཞིབ་བྱེད་ཚུལ》དང《མི་སྣ་ཞིབ་འབྲི་བྱེད་ཚུལ》 《དངོས་པོ་ཞིབ་འབྲི་བྱེད་ཚུལ》 《ཡུལ་ལྗོངས་འབྲི་ཚུལ》 《དཔེ་བལྟས་ནས་འབྲི་སྟངས》བཅས་བཀོད་སྒྲིག་བྱས་ནས་ལོ་རིམ་དྲུག་པར་སླེབས་སྐབས་སློབ་མ་ཚོས་བྲིས་པའི་རྩོམ་ཡིག་ལ་སྲོག་གམ་བརྗོད་དོན་ཡོད་པ་ཞིག་གི་ཐོག་ནས་སློབ་མ་རང་རང་གི་ཁྱད་ཆོས་ལྡན་པའི་ཁར། རང་ཉིད་ཀྱི་སེམས་ཁམས་དང་འཇིག་རྟེན་གྱི་ལྟ་ཚུལ་མཚོན་ཐུབ་པ་ཞིག་དགོས་ཤིང་། དེ་ཡང་རྩོམ་ཡིག་སློབ་ཁྲིད་བྱེད་སྟངས་ལ་ཞིབ་འཇུག་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེ་བའི་གནད་དོན་ཞིག་ལ་འཛིན་ནས་སློབ་ཁྲིད་དངོས་ནང་གི་མྱོང་བའི་ཐོག་ནས་རང་གི་ལྟ་ཚུལ་ཕྲན་བུ་གླེང་བར་བྱ་སྟེ།
དང་པོ། དགེ་རྒན་རང་ཉིད་ལ་ལྡན་དགོས་པའི་རྩོམ་འབྲིའི་ཤེས་བྱའི་སྐོར།
རྩོམ་རིག་གི་གཞུང་ལུགས་སྤྱིར་བསྟན་པ་ལ། རྩོམ་ཡིག་གི་ལུས་དང་། སྲོག བརྗོད་དོན་གཙོ་བོ། རྩོམ་གཞི། སྒྲིག་གཞི་བཤད་པ་སྟེ་ལྔའོ།
རྩོམ་ཡིག་གི་ལུས་ཞེས་པ་ནི། རྩོམ་པ་པོས་རྩོམ་ཡིག་གི་བརྗོད་དོན་གང་ཡིན་པ་རྗོད་བྱེད་ཚིག་གི་ཕྲེང་བར་སྤེལ་བའི་ཚིག་སྦྱོར་དེ་ཡིན་པ་དང་། རྩོམ་ཡིག་གི་སྲོག་ཅེས་པ་ནི《ཚིག་རྒྱན་རིག་པའི་སྒོ་འབྱེད》ལས། སྔོན་བྱུང་གཏམ་དང་སྡེ་བཞིའམ། གྲོང་ཁྱེར་རྒྱ་མཚོ་རི་དང་དུས། ཉི་ཟླ་འཆར་བའི་བསྔགས་པ་དང་། སྐྱེད་ཚལ་ཆུ་ཡི་རོལ་རྩེད་དང་། ཆང་འཐུང་དགའ་བའི་དགའ་སྟོན་དང་། མ་ཚོགས་པའམ་བག་མ་དང་། གཞོན་ནུ་སྐྱེ་དང་འཕེལ་བ་དང་། གྲོས་དང་ཕོ་ཉ་བགྲོད་པ་དང་། གཡུལ་དང་འདྲེན་པ་དར་བ་སོགས། བརྗོད་བྱའི་དོན་ནི་སྲོག་ཡིན་ལ། ཞེས་གསུངས་པ་ལྟར་རྩོམ་པ་པོས་རྩོམ་ཡིག་ནང་བརྗོད་པར་བྱ་བའི་དོན་ནམ་བརྗོད་པར་བྱ་བའི་གཞི་དེ་ལ་ཟེར་བ། རྩོམ་ཡིག་གི་བརྗོད་དོན་གཙོ་བོ་ནི་རྩོམ་པ་པོས་རྩོམ་ཡིག་ནང་བཤད་པར་བྱ་བའི་དོན་གྱི་སྙིང་པོའམ་གཙོ་བོ་དེ་ལ་ཟེར་བ། རྩོམ་གཞི་ནི་རྩོམ་པ་པོས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་ནས་སམ། ཡང་ན་དཔེ་དེབ་དང་གཏམ་རྒྱུད་སོགས་ལས་བྱུང་བའི་མཐོང་ཐོས་དང་། མྱོང་ཚོར། བསམ་ཚུལ། ཉམས་མྱོང་ལ་སོགས་ཐད་ཀར་ཟིན་ཐོར་བཀོད་པ་དེ་ལ་གདོད་མའི་དཔྱད་གཞི་ཞེས་བྱ་ཞིང་། གདོད་མའི་དཔྱད་གཞི་དེ་དག་ལ་སྙིགས་དོར་བཅུད་ལེན་དང་བླང་དོར་ཅི་རིགས་བྱས་ཏེ། རྩོམ་ཡིག་གི་བརྗོད་དོན་གཙོ་བོ་མཚོན་བྱེད་དུ་རྩོམ་ཡིག་ནང་འགོད་རྒྱུའི་གཞི་དེ་ལ་རྩོམ་གཞི་ཞེས་བྱ་བ་དང་། རྩོམ་གཞི་འདེམས་སྒྲུག་བྱེད་པ་ནི་རྩོམ་ཡིག་འབྲི་བའི་བརྒྱུད་རིམ་ནང་གི་འགག་གནད་ཅིག་ཡིན་པ་དང་། རྩོམ་གཞིས་བརྗོད་དོན་གཙོ་བོ་མཚོན་པར་ཞབས་འདེགས་ཞུ་གི་ཡོད། འོན་ཀྱང་རྩོམ་གཞི་ཡོད་ཚད་ཀྱིས་གཙོ་དོན་ག་གེ་མོ་གཅིག་མཚོན་ཐུབ་པའི་ངེས་པ་མེད། དེར་བརྟེན། ཁ་བྱང་གི་དགོས་མཁོར་གཞིགས་ནས་རྩོམ་གཞིར་གདམ་ག་བྱ་དགོས། རྩོམ་ཡིག་གི་སྒྲིག་གཞི་ནི་རྩོམ་ཡིག་གི་གོ་རིམ་སྒྲིག་སྟངས་ལ་ཟེར། 《རྩོམ་གཞུང་བློ་གསལ་འཇུག་སྒོ》ལས་རྩོམ་ཡིག་གི་སྒྲིག་གཞི་ནི་རྩོམ་ཞིག་ཏུ་འགྲུབ་ཐུབ་མིན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད་ཅེས་གསུངས་ཡོད་པ་བཞིན། དགེ་རྒན་གྱིས་རྩོམ་འབྲིའི་ཤེས་བྱ་དེ་དག་ལ་རྒྱུས་མངའ་ངེས་ཅན་ཞིག་ཐུབ་པའི་རྨང་གཞིའི་ཐོག་སློབ་མར་མཛུབ་སྟོན་གང་ལེགས་ཐུབ་ན་སློབ་མའི་རྩོམ་ཡིག་དབྱེ་ཞིབ་དང་། རྩོམ་ཡིག་འབྲི་སྦྱོང་སོགས་གང་ཅིའི་ཐད་ལ་ཕན་འབྲས་ཆེན་པོ་ཐོན་ངེས་ཡིན་ལ། མཛུབ་ཁྲིད་བྱེད་པ་དེ་ཡང་ཁ་ཕྱོགས་ཡོད་པ་དང་། དམིགས་ཡུལ་ཡོད་པ། བྱ་ཐབས་ཡོད་པ་ཞིག་ཏུ་གྱུར་ཐུབ།
གཉིས་པ། སློབ་མའི་སྤྲོ་བ་འཕེལ་བར་དགེ་རྒན་གྱིས་ལམ་སྟོན་བྱེད་དགོས།
སུའུ་ཧོའོ་མུའུ་ལེན་སི་ཅིས“སྲོལ་རྒྱུན་གྱི་རྩོམ་འབྲིའི་སློབ་ཁྲིད་ནང་དུ་སྐྱོན་ཆ་ཆེ་ཤོས་ཤིག་ཡོད་པ་ནི། སྐད་ཆ་དང་མིའི་བསམ་བློ་གཉིས་འབྲེལ་མེད་ཐ་དད་དུ་འཛིན་ནས། སློབ་མ་རྣམས་ཉིན་དང་ཉིན། ལོ་དང་ལོ་མཐུད་ནས་མི་གཞན་གྱི་བསམ་བློའི་རྗེས་འབྲངས་པ་དང་སྐད་ཆར་ལད་མོ་བྱེད་མཁན་ཙམ་ལས། རང་གི་བསམ་བློ་གང་ཡང་མཚོན་དུ་འཇུག་གི་མེད་པ་དེ་རེད”ཅེས་གསུངས་པ་ལྟར་སློབ་མའི་བློ་སྒོ་དང་བསམ་གཞིག་གི་ནུས་པ་གསོ་སྐྱོང་ཐད་ལྷག་པའི་གནད་དོན་སེལ་ཆེད། ང་ཚོས་ལས་གང་ཞིག་བྱས་ཀྱང་ཐོག་མར་སློབ་མ་ཚོ་རྩོམ་འབྲིའི་ལམ་ལ་འཇུག་འདོད་ཀྱི་བསམ་པ་ཞིག་འཛུགས་པ་ནས་འགོ་བརྩམས་ཏེ་གོམ་པ་རིམ་བགྲོད་ཀྱིས་སློབ་མའི་རྩོམ་འབྲིའི་རྨང་གཞི་འདིང་བ་ནས་ལམ་སྟོན་གྱིས་ཁྲིད་སྟོན་གནང་ན་ཕན་འབྲས་ངེས་ཅན་ཞིག་ཐོན་སྲིད།
གསུམ་པ། ཞིབ་ཕྲའི་བྱ་ཐབས་ལ་བརྟེན་ནས་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྦྱོང་བྱེད་དགོས།
སློབ་གྲྭའི་སློབ་གསོ་ནི་བརྒྱུད་རིམ་ལྡན་པའི་སློབ་གསོའི་ལམ་ལུགས་ཤིག་ཡིན་སྟབས་ཞིབ་ཅིང་ཕྲ་བའི་སློབ་ཁྲིད་བྱ་ཐབས་ལ་བརྟེན་ནས་སློབ་ཁྲིད་ཀྱི་ཕན་འབྲས་དམིགས་སར་འཁྱོལ་བ་བྱེད་དགོས་པ་དེ་ཡང་།
གཅིག རྒྱུ་ཆ་གསོག་འཇོག་དང་ལག་ལེན་དངོས་ཀྱི་སྦྱོང་བརྡར་སྤྲོས་དགོས།
དེའང་འཚོ་བ་ནི་རྩོམ་ཡིག་གི་འབྱུང་ཁུངས་ཤིག་དང་། རྩོམ་ཡིག་ནི་འཚོ་བ་ལས་བྱུང་བ་ཞིག་ཡིན་པས། རྒྱུན་དུ་དགེ་རྒན་གྱིས་སློབ་མར་འབྲི་བྱའི་ནང་དོན་དང་འབྲེལ་བའི་རྩོམ་ཡིག་གི་རྒྱུ་ཆ་འཚོལ་བསྡུ་བྱ་རྒྱུ་དེའང་སློབ་མས་སྤྲོ་སྣང་ལྡན་པའི་དོན་ནས་འགོ་བརྩམས་ཏེ་བྱ་དངོས་ལ་ལྟ་ཞིབ་དང་། ཉམས་ཞིབ། ཞིབ་འཇུག་བཅས་བྱས་ནས་རྒྱུ་ཆ་གང་མང་གསོག་འཇོག་ཐུབ་པ་བྱས་ཁར་རྩོམ་ཡིག་དངོས་སུ་འབྲི་བའི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་དང་། སློབ་མ་ཚོས་རང་གི་འབྲི་བྱའི་རྩོམ་ཡིག་གི་རྩོམ་གཞིར་གཞིགས་ནས་སྒྲིག་གཞི་གནད་བསྡུས་ཀྱིས་དུམ་མཚམས་དབྱེ་བ་དང་། དུམ་མཚམས་རེ་རེའི་ནང་མཚོན་བྱའི་དོན་ཁ་གསལ་ཡོང་བ་བྱས་ཏེ་རྩོམ་ཡིག་ཧྲིལ་པོ་གོ་རིམ་ལྡན་པ་དང་འབྲེལ་ཆགས་པ་ཞིག་ཡོང་རྒྱུར་ཁྲིད་སྟོན་བྱེད་པ་ལས་སློབ་མར་གྲ་སྒྲིག་མེད་པའི་རྩོམ་ཡིག་འབྲི་རུ་བཅུག་ན་ཉམས་མྱོང་དམན་པའི་སློབ་མ་ཚོའི་དཀའ་གནད་ཅིག་ཏུ་གྱུར་རོ།
གཉིས། རྩོམ་འབྲིའི་ཤེས་བྱའི་ནང་དོན་དང་རྩོམ་དཔེ་གཉིས་ཟུང་དུ་སྦྲེལ་ནས་ཁྲིད་སྟོན་བྱ་དགོས།
མ་གཞི་སློབ་ཆུང་དུས་རིམ་ནང་ལོ་རིམ་བཞི་པ་ནས་འགོ་བཙུགས་ཏེ《བྱ་དངོས་ལ་ལྟ་ཞིབ་བྱེད་ཚུལ》དང《མི་སྣ་ཞིབ་འབྲི་བྱེད་ཚུལ》 《དངོས་པོ་ཞིབ་འབྲི་བྱེད་ཚུལ》 《ཡུལ་ལྗོངས་འབྲི་ཚུལ》བཅས་ཀྱི་རྩོམ་འབྲིའི་ཤེས་བྱའི་ནང་དོན་འགོ་བརྩམས་ཡོད་པར་སྣང་ཡང་སློབ་ཆུང་དམའ་རིམ་ནས་རི་མོར་བལྟས་ནས་སྐད་ཆ་ཤོད་པ་ལྟ་བུ་ནས་སློབ་མའི་ལྟ་ཞིབ་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པ་གསོ་སྐྱོང་གི་ནང་དོན་བཀོད་སྒྲིག་ཡོད་པ་ཞིག་ཡིན་ཕྱིན། རྒྱུན་གཏན་སློབ་ཚན་གསར་པ་ཞིག་སློབ་ཁྲིད་མ་གནང་གོང་དང་ཐོག་སློབ་མ་ཚོར་སྔོན་ལྟ་བྱེད་པའི་གོམས་གཤིས་གསོ་སྐྱོང་བྱས་ཐོག་སློབ་ཚན་དབྱེ་ཞིབ་བྱེད་པའི་བརྒྱུད་རིམ་ནང་་རྩོམ་འབྲིའི་ཤེས་བྱའི་སློབ་ཚན་དང་འབྲེལ་བ་དམ་ཟབ་ཀྱིས་སློབ་མ་ཚོ་རང་ཚུགས་དང་། མཉམ་ལས། འཚོལ་དཔྱད་ཀྱི་རྣམ་པའི་ཐོག་ནས་རྩོམ་འབྲིའི་ལག་ལེན་དངོས་ནང་ཞུགས་སུ་བཅུག་པ་དང་། དགེ་རྒན་ནས་སློབ་མར་སློབ་ཕྱིའི་ལྟ་དེབ་འོས་སྦྱོར་གྱིས་དཔེ་ཀློག་ཟིན་བྲིས་འགོད་པའམ་དཔེ་ཀློག་གི་མྱོང་ཚོར་འབྲི་བའི་སྦྱོང་བརྡར་སྤྲས་ནས་རྩོམ་འབྲིའི་ནུས་རྩལ་གོང་མཐོར་གཏོང་ཐབས་གང་ལེགས་བྱེད་དགོས་ལ། རྩོམ་འབྲིའི་སློབ་ཁྲིད་ཀྱི་སྐབས་སུ་སློབ་གྲྭའི་ཕྱི་ནང་གི་བྱེད་སྒོ་ཐམས་ཅད་ཀྱི་གོ་སྐབས་སྤྱད་ནས་སྐབས་བསྟུན་གྱིས་སྦྱོང་བརྡར་སྤྲོས་པ་སོགས་ཐབས་ཤེས་སྣ་ཚོགས་སྤྱད་ནས་རང་རྐྱ་འཕེར་བའི་སྒོ་ནས་རྩོམ་འབྲིའི་ལམ་དུ་ཞུགས་པར་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུ་ནི་རྩོམ་ཡིག་འབྲི་བའི་འཆིང་རྒྱ་ལས་ཐར་བ་དང་རང་དབང་དང་གསར་གཏོད་ཡོད་པའི་སྒོ་ནས་རང་གི་སེམས་ཁམས་ཀྱི་འཆར་སྣང་ལྷུག་པོར་བརྗོད་པར་སྐུལ་མ་གཏོང་རྒྱུ་དང་དོན་དངོས་ལག་ལེན་ནང་དོན་འཁྱོལ་ཡོང་བ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན།
གསུམ། སློབ་མའི་རྩོམ་ཡིག་ལ་ཞིབ་བཤེར་གྱིས་སྐྱོན་བརྗོད་ཉུང་ཙམ་དང་སྐུལ་འདེད་མང་ཙམ་བྱས་ནས་རྩོམ་ཡིག་འབྲི་རྒྱུར་དགའ་བའི་བསམ་པ་འཛུགས་དགོས།
དང་ཐོག་སློབ་མའི་བསམ་གཞིག་གི་ནུས་པར་གཞིགས་ནས་ངག་ཐོག་ནས་ནང་སེམས་ཀྱི་འཇིག་རྟེན་རྣམས་བརྗོད་དོན་མ་ནོར་མ་འཁྲུལ་བའི་སྒོ་ནས་སྒྲ་དག་ཅིང་གསལ་ལ་མགྱོགས་དལ་འཚམས་པ་དང་བརྗོད་དོན་གྱི་གོ་རིམ་གསལ་ཞིང་མཐུད་མཚམས་འབྲེལ་ཆགས་པ་བཅས་ཀྱི་སྒོ་ནས་ཤོད་པའི་ནུས་རྩལ་གསོ་སྐྱོང་ལ་ཤུགས་སྣོན་དང་། ལྷག་དོན་དུ་སློབ་མར་རང་རྟོགས་ཀྱིས་རྩོམ་ཡིག་འབྲི་བར་མཐུན་རྐྱེན་བཟང་པོ་བསྐྲུན་ནས་རང་གིས་རྩོམ་བྱང་འགོད་པའམ་ཡང་ན་གཏན་འཁེལ་གྱི་ཁ་བྱང་གང་རུང་ལ་ངེས་པར་དུ་ཞིབ་བཤེར་དང་། རྒྱུས་ལོན་པ། དབྱེ་ཞིབ་ཐུབ་པ་བཅས་བྱས་ཏེ་ཡང་དག་པའི་སྒོ་ནས་རྩོམ་གྱི་ཁ་བྱང་ལ་གཞིགས་ནས་བརྗོད་བྱའི་དོན་རྣམས་རྗོད་བྱེད་ཚིག་གི་ལམ་ནས་བཀོད་པ་དང་། རྩོམ་ཡིག་ལ་ནན་ཏན་གྱིས་ཞུ་དག་དང་སློབ་མ་ཕན་ཚུན་བརྗེ་རེས་ཀྱིས་བཟོ་བཅོས་དང་ལྷག་པར་དུ་དགེ་རྒན་གྱིས་སློབ་མའི་རྩོམ་ཡིག་ལ་བཟོ་བཅོས་ནན་ཏན་བྱ་རྒྱུ་ནི་མེད་དུ་མི་རུང་བའི་བརྒྱུད་རིམ་གལ་ཆེན་ཞིག་ཡིན་པས། བཟོ་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་མའི་ལེགས་ཆ་རྣམས་འཚོལ་གང་ཐུབ་བྱེད་པ་དང་སྐྱོན་ཆར་ཐབས་མཁས་སྒོ་ནས་མཛུབ་སྟོན་བྱེད་དགོས། དེ་ལྟར་བྱུང་ན་སློབ་མ་ཚོ་རྩོམ་ཡིག་འབྲི་སྦྱོང་ལ་དགའ་བ་དང་དུས་དང་རྣམ་པ་ཀུན་ཏུ་འཚོ་བའི་ནང་ནས་རྩོམ་ཡིག་གི་རྒྱུ་ཆ་གསོག་འཇོག་བྱ་རྒྱུར་དགའ་བའི་བསམ་པ་དང་རྩོམ་ཡིག་འབྲི་རྒྱུར་དགའ་བའི་བློ་ཞིག་སྐྱེད་སྲིང་ཐུབ་ནས་སློབ་མའི་རྩོམ་འབྲིའི་ནུས་རྩལ་གོང་མཐོར་འགྲོ་རྒྱུ་སྨོས་མེད་ལགས།
མདོར་ན། སློབ་མར་རྩོམ་ཡིག་འབྲི་སྦྱོང་གི་སྦྱོར་བརྡར་སྤྲོས་སྐབས་རང་གི་ཉེ་འཁོར་གྱི་བྱ་དངོས་ལ་སྣང་འཇོག་མང་ཙམ་གྱིས་ལྟ་ཞིབ་དང་། དབྱེ་ཞིབ། བསམ་གཞིག་བཅས་མང་ཙམ་བྱ་རྒྱུར་སྐུལ་སློང་དང་ཁྲིད་སྟོན་གང་ལེགས་གནང་དགོས་ལ། བསླབ་གཞིའི་ནང་འཁོད་རྩོམ་འབྲིའི་ཤེས་བྱ་ཁག་སློབ་མར་བརྒྱུད་སྤྲོད་བྱ་དགོས་ལ་ལག་ལེན་དངོས་ཀྱི་སྦྱོང་བརྡར་དང་བཟོ་བཅོས་གང་མང་ཐུབ་པ་བྱ་དགོས་པར་བསམས།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སློབ་ཆུང་རྡོ་རྗེ་དབང་འདུས)
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣