ཉེ་ཆར། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྩྭ་ཐང་གི་འབུ་གནོད་འགོག་བཅོས་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་གནོད་འབུ་གང་སར་མི་ཁྱབ་པ་དང་དེའི་གནོད་འཚེ་འགོག་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱད་ནས་རྩྭ་ཐང་གི་གནོད་འབུ་འགོག་བཅོས་ལས་དོན་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱི་རང་བྱུང་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་3055.97ཟིན་པ་དེས་གྲོང་ཁྱེར་དེའི་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་22.91%བཟུང་བ་དང་། བེད་སྤྱོད་ཐུབ་པའི་རྩྭ་ས་རྒྱ་ཁྱོན་མུའུ་ཁྲི་2876.26ཟིན་པ་དེས་རྩྭ་སའི་སྤྱིའི་རྒྱ་ཁྱོན་གྱི་75.1%བཟུང་བས། ཉིང་ཁྲི་གྲོང་ཁྱེར་གྱི་རྩྭ་སའི་འབྲོག་ལས་འཕེལ་རྒྱས་དང་སྣོད་བཅུད་འཛུགས་སྐྱོང་གི་ཐོན་ཁུངས་གལ་ཆེན་ཞིག་རེད། རྩྭ་སའི་འབུའི་གནོད་འཚེས་རྐྱེན་པས་རྩྭ་ར་ཞན་འགྱུར་དང་བྱེ་འགྱུར་གྱི་གནད་དོན་འབྱུང་རྩ་ནས་བཀག་འགོག་ཐུབ་མེད་ཅིང་། རྩྭ་ར་ཞན་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོའང་འབུའི་གནོད་འཚེ་ཡིན་པ་རེད།
དེར་བརྟེན་ཉིང་ཁྲི་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱིས་ནད་དང་གནོད་འབུ་འགོག་བཅོས་ཀྱི་བྱ་ཐབས་སྣ་མང་བཏོན་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། གཅིག་ནས་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཅིང་། “ས་ཁོངས་དོ་དམ་དང་རིམ་དབྱེའི་འགན་ཁུར”གྱི་རྩ་དོན་གཞིར་བཟུང་གནོད་འབུ་འགོག་བཅོས་ཀྱི་ས་ཁོངས་འགན་འཁྲིའི་ལམ་ལུགས་དང་ལག་རྩལ་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་གནོད་འབུ་འགོག་བཅོས་ལས་དོན་བདེ་བླག་ཡོང་བའི་འགན་ལེན་བྱས་པ་དང་། གཉིས་ནས་སྔོན་དཔག་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་ཚད་ལེན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཤིང་། ཆུས་དང་རྫོང་ཁག་ལ་རྩྭ་ཐང་གི་གནོད་འབུ་འགོག་བཅོས་ལས་དོན་གྱི་བརྡ་ཐོ་དུས་ཐོག་ཏུ་བཏང་ནས་ཆེད་མི་བཀོད་སྒྲིག་གིས་གནོད་འབུ་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་ལས་རེས་ལམ་ལུགས་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་པ་དང་སྙན་སེང་མི་ཞུ་བའམ་ཡང་ན་སྙན་ཞུ་ནར་འགྱངས་བྱས་ཚེ། འགན་འཁྲི་བདའ་འདེད་གཏོང་གི་ཡོད་པ་རེད། གསུམ་ནས་འབུ་གནོད་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་གཞིར་བཟུང་། ཆུས་དང་རྫོང་ཁག་ལ་ཆེད་ལས་མི་སྣ་སྒྲིག་འཛུགས་ནན་ཏན་བྱས་ནས་རྩྭ་ཐང་གི་གནོད་འབུ་ལྟ་ཞིབ་ཚད་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་བཅས་གནོད་འབུ་འགོག་བཅོས་ལ་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།