དམའ་འབྲིང་སློབ་གསོས་སློབ་གསོའི་བྱ་གཞག་ཁྲོད་དུ་གལ་ཆེའི་གནས་བབ་བཟུང་ཡོད་ལ། སློབ་མའི་མཐོང་རྒྱ་ཇེ་ཆེར་འགྲོ་བ་དང་ཤེས་བྱ་གསར་པ་དང་ལེན་བྱེད་པའི་བརྒྱུད་རིམ་གལ་ཆེན་ཞིག་ཀྱང་ཡིན་པས་། དམའ་འབྲིང་སློབ་མའི་སློབ་གསོའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་ནི་སྤྱི་དམངས་ཀྱི་བྱང་ཚད་མཐོར་འདེགས་ཀྱི་སྔོན་འགྲོ་ལྟ་བུ་རེད། དམའ་འབྲིང་སྐབས་ནི་སློབ་མ་ཞིག་གི་ངོས་ནས་བརྗོད་ན་ལུས་སེམས་གཉིས་ཀ་འཚར་སྐྱེས་མགྱོགས་པའི་དུས་ཡིན་པས་ཕུལ་བྱུང་གི་སློབ་གསོས་ད་གཟོད་ཕུལ་བྱུང་གི་གྲུབ་འབྲས་ལེན་ཐུབ། གཤམ་ལ་དམའ་འབྲིང་སློབ་གསོའི་ཁྲོད་ཐོན་པའི་གནད་དོན་དང་དེ་དག་ལ་རང་ཉིད་ཀྱི་ལྟ་ཚུལ་ཞུ་གི་ཡིན།
དང་ཐོག་སློབ་ཚན་བཀོད་སྒྲིག་བྱེད་ཕྱོགས་ཐད།
དམའ་འབྲིང་གི་རིག་ཚན་སྣེ་ཁ་འཛོམས་པ་དང་། སློབ་ཚན་གྱི་གྲངས་འབོར་ཡང་ལྟོས་བཅས་ཀྱིས་མང་བ་ཡོད། འོན་ཀྱང་རིག་ཚན་ཁ་གྲངས་མང་བ་དང་སློབ་ཁྲིད་འབོར་ཆེ་བས་སློབ་མས་མང་བ་ཤེས་པ་དང་ཕྱིས་སློབ་མའི་འཚར་ལོངས་ལ་ནུས་པ་ཆེ་བ་ཐོན་པ་གཅིག་མཚུངས་མ་རེད།
དེང་དུས་ཆ་འཕྲིན་གྱི་འགྲོས་མྱུར་བ་དང་སློབ་མས་ཆ་འཕྲིན་དང་ལེན་གྱི་ནུས་པ་ཆེ་བ་བཅས་ལ་གཞིགས་ནས་དམའ་འབྲིང་གི་སློབ་ཁྲིད་ཁྲོད་བསམ་བློ་ཀུན་སྤྱོད་སློབ་གསོའི་སློབ་ཚན་མང་དུ་གཏོང་རྒྱུ་དང་དྲ་རྒྱའི་བདེ་ཐང་གི་སློབ་གསོའི་སློབ་ཚན་འཛུགས་ཐུབ་པ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད་སྙམ། བསམ་བློ་ཀུན་སྤྱོད་སློབ་ཚན་ད་ལྟ་ཡོད་ཀྱང་སློབ་ཚན་གྱི་ཚོགས་ཐེངས་ཉུང་བ་དང་གཙོ་གནད་སློབ་ཚན་ལ་བརྩིས་ནས་སློབ་ཁྲིད་བྱེད་པ་ཉུང་ཉུང་རེད། གལ་སྲིད་ང་ཚོས་གསོ་སྐྱོང་བྱས་པའི་སློབ་མ་རྣམས་བསམ་བློ་ཀུན་སྤྱོད་ཀྱིས་དབུལ་བ་ན་དེས་ཕྱིས་སུ་སྤྱི་ཚོགས་ལ་ཞབས་ཞུ་སྤྲོས་བྲལ་རེད། དེར་བརྟེན་བསམ་བློ་ཀུན་སྤྱོད་ཀྱི་སློབ་ཚན་ལ་འབྲེལ་ཡོད་ཀྱི་ཁྲིམས་དང་སྲིད་ཇུས་དང་མཁས་པའི་ལེགས་བཤད་སོགས་སློབ་མའི་རྒྱུད་ལ་འཇགས་པ་བྱ་རྒྱུ་ནི་གལ་ཆེན་པོ་རེད། ད་དུང་དྲ་རྒྱའི་བདེ་ཐང་གི་སློབ་ཚན་གསར་འཛུགས་བྱེད་པ་ནི་དེང་དུས་སློབ་མར་ངེས་པར་དུ་མཁོ་བའི་རིག་ཚན་ཞིག་རེད། གང་ཡིན་ཟེར་ན། དམའ་འབྲིང་སྐབས་ནི་སློབ་མ་རྣམས་སྤྱིར་ན་དྲ་བར་ཐོག་མར་འཇུག་པའི་དུས་སྐབས་ཡིན་པས། གལ་སྲིད་དེར་ཡང་དག་པའི་ཁ་ཕྱོགས་སྟོན་མཁན་མེད་ཚེ་སློབ་མའི་ལུས་སེམས་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད། སློབ་མ་ཁ་ཤས་དྲ་ཐོག་རོལ་རྩེད་ལ་དབྱིངས་ཞུགས་པ་དང་དྲ་བ་ནས་མི་རྒྱུས་མེད་དང་འབྲེལ་བ་བྱས་ཏེ་མགོ་སྐོར་ཐེབས་པ། བདེ་ཐང་མིན་པའི་བརྙན་པར་བལྟས་རྗེས་ལུས་སེམས་མ་རུང་བར་སྤྱོད་པ་སོགས་དྲ་རྒྱར་མགོ་ཚུད་དེ་སློབ་སྦྱོང་གི་སྦྱངས་འབྲས་ལ་ཤུགས་རྐྱེན་ངན་པ་ཐེབས་པ་ནི་མིག་མཐོང་ལག་ཟིན་ཡིན་པས། ངེས་པར་དུ་དྲ་རྒྱའི་བདེ་ཐང་གི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ནི་སྤྱི་ཚོགས་དང་། དགེ་རྒན། ཕ་མའི་འོས་འགན་ཉག་ཅིག་རེད།
སློབ་ཚན་ཁྲིད་སྟངས་ཐད།
སློབ་ཁྲིད་ནི་རླབས་ཆེན་གྱི་ལས་ཀ་ཞིག་རེད་ལ་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཀྱང་རེད། དེ་ཡང་དགེ་རྒན་གྱི་ངོས་ནས་རང་ཉིད་ལ་སློབ་ཚན་ཁྲིད་པའི་ནུས་པ་ཡོད་པ་མ་མཐའི་རྨང་གཞི་བྱས་ཐོག ཐབས་ཤེས་ལེགས་པོ་ཞིག་དང་སློབ་མར་རྒྱུས་ལོན་པ་བྱེད་རྒྱུ་ནི་སློབ་ཁྲིད་ལེགས་གྲུབ་ཡོང་བའི་འགན་ལེན་རེད། དེ་ཙམ་དུ་མ་ཟད་གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་པ་ནི་ཚད་ལྡན་གྱི་བཤེས་གཉེན་ལ་ཚང་དགོས་པའི་རེ་བ་ཡང་རེད། སློབ་ཚན་ཁྲིད་སྐབས་བསླབ་གཞིའི་ནང་དོན་ཐད་ཀར་བརྒྱུད་སྤྲོད་ཙམ་མ་ཡིན་པར་སློབ་མའི་བློ་སྒོ་འབྱེད་རྒྱུ་ནི་ལས་ཀ་དང་པོ་རེད། ན་ཆུང་རྣམས་ནི་མཚར་སྣང་གིས་ཕྱུག་པ་དང་འཆར་སྒོ་མྱུར་བས་སློབ་མར་ཤེས་བྱ་གསར་པ་དང་ལེན་བྱེད་འདོད་ཀྱི་བློ་ཡོད་པས་དེར་ཁ་ཕྱོགས་ཡང་དག་པ་ཞིག་བསྟན་ནས་སློབ་མ་སོ་སོས་བསམ་གཞིགས་བྱེད་དུ་བཅུག་དགོས། དེ་ནས་ལག་ལེན་མང་ཙམ་བྱེད་དུ་འཇུག་རྒྱུ་ནི་ལས་ཀ་གཉིས་པ་རེད། དམའ་འབྲིང་གི་དངོས་ཁམས་དང་། རྫས་འགྱུར། སྐྱེ་ཁམས་རིག་པ་སོགས་རང་བྱུང་ཚན་རིག་གི་སློབ་ཚན་ལ་སློབ་མ་ཡུལ་དངོས་ལ་ཁྲིད་ནས་ཚོད་ལྟ་བྱེད་པ་ལས་སློབ་དེབ་ཁོ་ནར་བརྟེན་ནས་སློབ་ཁྲིད་བྱས་ཚེ། གཅིག་ནས་སློབ་མས་དགའ་ཞེན་བྱེད་མི་སྲིད་ལ། གཉིས་ནས་བསླབས་ཟིན་པ་བརྗེད་མགྱོགས་པ་ཡོད། དེ་ལས་ཚོད་ལྟ་མང་ཙམ་བྱས་ན་སློབ་མ་སོ་སོས་ལག་སྒུལ་ནས་རང་འགུལ་ངང་ཤེས་བྱ་བེད་སྤྱོད་ཀྱི་སྦྱོང་བརྡར་ཆེན་པོ་སྤྲོད་ཐུབ། དེ་བཞིན་དུ་བོད་རྒྱ་དབྱིན་གསུམ་སོགས་སྐད་ཡིག་སློབ་ཚན་ལ་རྨང་གཞིའི་ཤེས་བྱ་སྲ་བརྟན་དུ་གཏོང་བ་དང་། འཆད་པའི་ནུས་པ་དང་འབྲི་བའི་ནུས་པ་ལ་ཡང་ཤུགས་སྣོན་རྒྱག་དགོས། སློབ་ཚན་སྐབས་སློབ་མའི་བསམ་བློ་དང་འཚམས་པའི་བསམ་གཞིགས་འདྲི་གཞི་བཏོན་ཏེ་སློབ་མ་སོ་སོའི་བསམ་གཞིགས་ནུས་པ་སྐྱེད་སྲིང་བྱེད་པ་དང་། གྲོས་བསྡུར་ཚོགས་ཆུང་བཙུགས་ནས་སྐད་ཡིག་ལ་འདྲིས་ཆ་ཡོང་བ་བྱེད་པ། སློབ་ཁྲིད་བྱེད་པའི་སྐབས་དགེ་སློབ་གཉིས་ཀ་ཕན་ཚུན་དྲི་བ་འདོན་རེས་ཀྱིས་དོགས་གཞི་སེལ་ཐུབ་པ་བྱེད་པ། དགེ་རྒན་གྱིས་ཞོར་བལྟའི་དཔེ་དེབ་ངོ་སྤྲོད་བྱེད་པ་དང་བལྟས་ཚར་རྗེས་སློབ་མ་སོ་སོརམྱོང་ཚོར་རྩོམ་ཡིག་འབྲི་རུ་བཅུག་ཐུབ་ན་སྐད་ཡིག་གི་རྨང་གཞི་ཡར་རྒྱས་ཡོང་བར་སྐུལ་འདེད་ཆེན་པོ་ཐེབས་ཐུབ།
སྣ་མང་སྨྱན་སྦྱོར་བེད་སྤྱོད་ཐད།
PPTསོགས་སྨྱན་སྦྱོར་བེད་སྤྱོད་ལེགས་པོ་བྱེད་ཐུབ་ན། དགེ་རྒན་གྱིས་གསལ་པོ་ཤོད་མི་ཐུབ་པ་དང་སློབ་མས་རྟོགས་པར་དཀའ་བའི་ཤེས་བྱ་རི་མོའི་ལམ་ནས་བསྟན་པ་དང་རྩིས་ཕྲ་བཟོས་ནས་བསྟན་ན་གོ་བ་ལེན་བདེ་པོ་ཆགས་ཐུབ། དེས་ལྐོག་འགྱུར་གྱི་ཤེས་བྱ་རྣམས་མངོན་སུམ་དུ་སློབ་མའི་མིག་ལམ་དུ་སྟོན་ཐུབ་པས་དེང་དུས་ཆ་འཕྲིན་དང་མཐུན་པའི་སློབ་ཁྲིད་བྱེད་སྟངས་ལེགས་པོ་ཞིག་རེད།
དེ་ཙམ་མ་ཟད་སློབ་ཁྲིད་ཀྱི་འཆར་གཞི་བཟོ་དུས་སློབ་མའི་ཆུ་ཚད་དང་རན་པ་ཞིག་དགོས་ཤིང་། གལ་སྲིད་སློབ་ཚན་ཁྲིད་པའི་བརྒྱུད་རིམ་ཁྲོད་སློབ་མས་མ་ཤེས་ཚེ་འཁང་ར་བྱེད་པ་དང་སྡིག་མོ་བྱེད་པ་སོགས་བྱེད་མི་རིགས་ཏེ། ངེས་པར་དུ་སློབ་མས་བསམ་གཞིགས་བྱེད་སྟངས་མ་འགྲིག་པ་རེད་དམ་། ཡང་ན། སློབ་ཚན་བཀོད་སྒྲིག་གི་གནད་དོན་རེད། དེ་མིན་དགེ་རྒན་གྱི་སློབ་ཁྲིད་ཐབས་ཤེས་མ་འདང་བ་གང་ཡིན་རྩད་བཅད་ནས་ད་གཟོད་གནད་དོན་ཐག་གཅོད་བྱ་རྒྱུ་གལ་ཆེ།
དགེ་རྒན་གྱི་ནུས་པའི་ཐད།
ཕུལ་བྱུང་གི་དགེ་རྒན་ཞིག་ཡིན་ན་ཤེས་བྱ་སྣེ་ཁ་ཕུན་སུམ་ཚོགས་པོ་དགོས། གང་ཡིན་ཟེར་ན། སློབ་ཚན་ཁྲིད་པའི་དུས་དང་སློབ་གསེང་བར་སློབ་མས་དྲི་བ་དམིགས་བསལ་བ་དེ་འདྲ་བཏོན་པའི་དུས་ལན་ཁར་ཐུག་རྒྱག་ཐུབ་པ་དགོས། གལ་སྲིད་ལན་རྒྱག་མ་ཐུབ་ན་སློབ་མའི་སེམས་སུ་བག་ཆགས་ལེགས་པོ་ཞིག་ཡོང་མི་ཐུབ། གལ་སྲིད་དྲི་བ་ལས་སླ་པོ་ཞིག་ཡིན་ན། “དེ་ཡང་ཤེས་ཀྱི་མི་འདུག་གམ། ཁ་སེང་བསླབ་ཚར་ཙམ་ཡིན་པཱ། སློབ་ཚན་ཉན་མེད་པས”སོགས་ཀྱི་སློབ་མར་བཀའ་བཀྱོན་དང་ཕྱག་འཇུག་མི་འོས་པར་ངེས་པར་དུ་ངང་རྒྱུད་རིང་པོས་དཀའ་གནད་སེལ་དགོས། དེ་མིན། སློབ་ཁྲིད་དེ་སྒྱུ་རྩལ་གྱི་བྱ་བ་ཞིག་ཡིན་ཏེ། དེར་ངག་གི་སྒྱུ་རྩལ་དགོས་མཁོ་ཆེན་པོ་ཡོད་དེ། དགེ་རྒན་རང་ཉིད་ཀྱིས་བསླབ་བྱའི་གནས་དེ་ཡང་དག་པར་ཤེས་པས་མི་འགྲིག་པར་ངེས་པར་དུ་སློབ་མར་བརྒྱུད་སྤྲོད་བྱེད་ཤེས་པ་དགོས། དེ་ཡང་གོ་དཀའ་བ་གོ་བདེ་པོས་འགྲེལ་དགོས་ལ། ཉན་མི་འདོད་པ་ཉན་སྤྲོ་པོས་ཁྲིད་དགོས། སྦྱོང་མི་འདོད་པ་ཡིད་ཀྱི་དང་ག་འདྲེན་ཐུབ་པ། སློབ་ཁྲིད་བྱེད་པར་སེམས་ཁམས་རིག་པ་བ་ཞིག་བྱེད་དགོས་ཏེ། འཛིན་གྲྭ་གཅིག་གི་ནང་དུ་སློབ་མ་བཞི་བཅུ་ནས་ལྔ་བཅུ་བར་ཡོད་པས། དགེ་རྒན་རང་ངོས་ལ་སློབ་མར་རྒྱུས་ལོན་བྱེད་པའི་ནུས་པ་དགོས། དཔེར་ན། སློབ་མ་དེའི་དགའ་ཞེན་ག་རེ་ཡིན་པ་དང་། སེམས་པའི་འཁྱེར་སོ་གང་འདྲ་ཡིན་མིན། འཇམ་པོས་གཅུན་དགོས་སམ་རྩུབ་པོས་འདུལ་དགོས་སོགས་ཕྱོགས་གང་ཅིའི་ཐད་ནས་སློབ་མར་རྒྱུས་ལོན་པ་བྱས་ཏེ་སློབ་མར་བལྟོས་ནས་ཤེས་བྱ་བརྒྱུད་སྤྲོད་ཐུབ་པ་ནི་ཤིན་ཏུ་བཟང་།
རང་གཤིས་ཡོད་པ་དང་གསར་གཏོད་ནུས་པ་ལྡན་པའི་སློབ་མ་གསོ་སྐྱོང་ཐད།
རྒྱལ་ཁབ་གཅིག་གི་ཆ་ནས་གླེང་ཡང་ཆོག མི་རིགས་ཤིག་གི་ངོས་ནས་བཤད་ཀྱང་རུང་། མ་འོངས་པའི་རེ་བ་ནི་ལོ་ཆུང་སློབ་མ་རྣམས་རེད། ན་གཞོན་རྣམས་སྤྱི་ཚོགས་ལ་ཕན་པ་ཡོད་པའི་མི་ཞིག་ཏུ་ཇི་ལྟར་འགྱུར་ཐུབ་ཅེ་ན། སློབ་གསོ་ལ་བརྟེན་རྒྱུ་ནི་མ་གྲོས་གཅིག་མཐུན་དང་ཚང་མས་ཁས་ལེན་པའི་ཐབས་མཆོག་ཅིག་རེད། ང་ཚོས་གསོ་སྐྱོང་བྱས་པའི་སློབ་མ་རྣམས་གསར་གཏོད་ཀྱི་ནུས་པ་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱེད་དགོས་ན། རང་གཤིས་ཡོད་པའི་སློབ་མ་གསོ་སྐྱོང་བྱ་རྒྱུ་ལས་བཟོ་གྲྭ་གཅིག་ནས་ཐོན་པའི་ཐོན་རྫས་ནང་བཞིན་ཅིག་རྐྱང་ཡིན་ན་དེ་ནི་སློབ་གསོའི་ཁ་ཕྱོགས་ནོར་བ་རེད། སློབ་མ་ཚང་མ་རང་གཤིས་ཀྱིས་ཕྱུག་ཅིང་གསར་གཏོད་ནུས་པ་ལྡན་པ། དཀའ་ངལ་ལ་མགོ་མི་སྒུར་བའི་དུས་རབས་ཀྱི་འགྲོས་དང་འཚམས་པའི་སློབ་མ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་དམའ་འབྲིང་གི་སྐབས་ནས་འགོ་འཛུགས་དགོས། དེ་ཡང་སློབ་མ་སོ་སོའི་བག་ལ་ཉལ་བའི་ནུས་པ་དང་སོ་སོའི་ཁྱད་ཆོས་དགེ་རྒན་དང་ཁྱིམ་བདག་གིས་སྔོག་འདོན་བྱ་རྒྱུ་ནི་ཕྲུ་གུའི་མདུན་ལམ་ལ་བསམ་གཞིག་བྱེད་སྟངས་རྩེ་གྲ་ཞིག་མ་ལགས་སམ།
(གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དམའ་འབྲིང་དང་པོའི་ཚེ་རིང་དོན་གྲུབ)