དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གསར་འགྱུར་བཅར་འདྲིའི་སྒྱུ་རྩལ་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-28

    ཁ་རྒྱུན་དུ་གསར་འགྱུར་རྩོམ་ཡག་པོ་ཞིག་སྤེལ་འབྲི་བྱེད་པར་བཅར་འདྲིས་ཆ་བདུན་དང་གསར་འགྱུར་འབྲི་རྩོམ་གྱིས་ཆ་གསུམ་བཟུང་གི་ཡོད་ཅེས་ཤོད་སྲོལ་ཡོད།

    དེས་ན་གསོན་ཉམས་ལྡན་ལ་གནད་དུ་འཁེལ་བའི་གསར་འགྱུར་ཡག་པོ་ཞིག་འགོད་སྤེལ་བྱེད་པར་ངེས་པར་དུ་བཅར་འདྲིའི་སྒྱུ་རྩལ་ལམ་ཐབས་དམ་པ་འགའ་བསྟེན་དགོས་པ་དེ་ཤིན་ཏུ་ནས་གལ་ཆེ།

    དོན་དུ་བཅར་འདྲི་ཞུ་བའི་ཐབས་ཤིན་ཏུ་མང་ཡང་ངེས་པར་དུ་དེ་ལ་དེ་བསྟུན་གྱི་ཐབས་དམ་པ་འགའ་ཞིག་དགོས་རྒྱུ་དེ་ནི་གསར་འགོད་པ་ཞིག་གི་ངོས་ནས་བརྗོད་ན་བཅར་འདྲིའི་སྒྱུ་རྩལ་ཞིག་ཀྱང་ཡིན།

    འདིར་བདག་གིས་ལོ་ངོ་བཅུ་གྲངས་གསར་འགོད་པ་བྱས་པའི་ཉམས་མྱོང་དང་བཅར་འདྲིའི་ཁྲོད་འཕྲད་པའི་གནད་དོན་དང་ཟུང་འབྲེལ་གྱིས་བཅར་འདྲི་ཡག་པོ་ཞིག་བྱ་རྒྱུར་མཁོ་བའི་སྒྱུ་རྩལ་ལམ་བྱ་ཐབས་སྐོར་རགས་ཙམ་གླེང་བ་བྱ་རྒྱུ་སྟེ།

    དང་པོ། གྲོགས་པོ་འགྲིག་ཤེས་པ་དགོས།

    དེ་ཡང་འདིར་བརྗོད་པའི་གྲོགས་པོ་ཞེས་པ་དེ་ནམ་རྒྱུན་ཆང་འཐུང་རོགས་དང་ཤོ་བག་རྒྱག་རོགས་ཀྱི“གྲོགས་པོར”གོ་རྒྱུ་མེད་པར། དེ་ནི་བཅར་འདྲི་ཞུ་སའི་ཡུལ་ཏེ། མི་ག་གེ་མོ་དེའི་གནས་བབ་བམ་བསམ་ཕྱོགས་དང་གཅིག་མཚུངས་སུ་གནས་ཐུབ་པ་བྱེད་པར་གོ་དགོས།

    དཔེར་ན། བཅར་འདྲི་ཞུ་ཡུལ་ནི་ཞིང་འབྲོག་མང་ཚོགས་ཤིག་ཡིན་ན་ངེས་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་གནས་བབ་དང་མཐུན་པའི་གནད་དོན་བཅར་འདྲི་བྱེད་དགོས་པ་ལས་མང་ཚོགས་ཀྱིས་དོ་སྣང་ཅི་ཡང་མི་བྱེད་པའི་གནས་ཚུལ་འདྲི་རྒྱུ་མེད། དེ་ཡང་། བཅར་འདྲི་བྱེད་པའི་ནང་བཅར་འདྲི་བྱ་ཡུལ་གྱི་དོ་སྣང་བྱེད་སའི་གནད་དོན་ནམ་ཕན་ཚུན་གཉིས་ཀའི་དགའ་སྣང་ལྡན་པའི་གནད་དོན་བཙལ་ནས་གླེང་མོལ་བྱེད་ཀྱིན་རང་ལ་དགོས་པའི་ནང་དོན་འགུག་འདྲེན་བྱེད་དགོས་པ་ལས། ཐད་ཀར་རང་ལ་དགོས་པའི་ནང་དོན་ཁག་རང་ཤེད་ཀྱིས་སྐད་ཆ་དྲིས་ན། བཅར་འདྲི་བྱ་ཡུལ་ལ་བཙན་ཤེད་བྱས་པའི་ཚོར་སྣང་བྱུང་ནས་བཅར་འདྲི་ལེགས་སྒྲུབ་ཡོང་རྒྱུར་འགོག་རྐྱེན་ཐེབས་སྲིད། དེ་བཞིན་དུ། བཅར་འདྲི་བྱ་ཡུལ་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་ཕྱིན་བཅར་འདྲི་ཞུ་བའི་ནང་དོན་ཡང་མི་གང་དེའི་གནས་བབ་དང་མཐུན་པ་དགོས།

    གཉིས་པ། བསྟན་བཤིག་སློང་ཤེས་པ་དགོས།

    འདིར་བརྗོད་པའི་བསྟན་བཤིག་ཅེས་པ་ཡང་བཅར་འདྲི་ཞུ་སྐབས་སྐབས་དེའི་ཁོར་ཡུག་དང་མཐུན་པའི་བསྟན་བཤིག་བསླངས་ནས་བཅར་འདྲིའི་རྣམ་པ་ཡག་པོ་ཞིག་གཏོད་རྒྱུར་གོ་དགོས་པ་ལས། ཁོར་ཡུག་དང་མི་མཐུན་པའི་དོན་མེད་ཞལ་ཤོབ་ལ་གོ་བ་མིན། རྒྱུན་པར་ཞིང་འབྲོག་ཁུལ་དུ་བཅར་འདྲི་ཞུ་སྐབས་མང་ཚོགས་མང་ཆེ་བ་ངོ་ཚ་སྨིན་དྲགས་པས་བཅར་འདྲི་དང་ལེན་མི་བྱེད་པ་དང། དང་ལེན་བྱས་ཀྱང་སྐད་ཆ་ཚིག་གཅིག་གཉིས་ལས་མི་ཤོད་པའི་གནས་ཚུལ་ཕྲད་དང་འཕྲད་མུས་རེད། དེ་དུས་སྐབས་དང་མཐུན་པའི་བསྟན་བཤིག་སློང་ཐུབ་ན་ཞི་ལྷོད་ཀྱི་རྣམ་པ་ཞིག་ཆགས་ནས་བཅར་འདྲི་བདེ་བླག་ངང་ལེགས་སྒྲུབ་ཡོང་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་ཐུབ། དེ་ལྟར་མིན་ན་ཨ་ན་ཨུ་ཚུགས་ག་ཚོད་བྱས་ཀྱང་བཅར་འདྲི་ཡག་པོ་ཞིག་ལེགས་སྒྲུབ་ཡོང་མི་ཐུབ།

    དཔེར་ན། གསར་འགོད་པས་སྣམ་བུ་འཐག་བཞིན་པའི་འཐག་མཁན་ཞིག་ལ་པར་རྒྱག་དགོས་ན་ཐད་ཀར་པར་བླངས་ན་ཕར་ཕྱོགས་ཀྱིས་ཁ་གཅུས་པ་སོགས་རྣམ་འགྱུར་ཡག་པོ་མེད་པར་བློ་ལ་འབབ་པའི་པར་ཞིག་རྒྱག་མི་ཐུབ། དེ་དུས་གསར་འགོད་པས་སྣམ་བུ་འཐག་མཁན་ལ་སྐབས་སུ་བབ་པའི་བསྟན་བཤིག་བསླངས་ཚེ་པར་ནང་གི་མིའི་རྣམ་འགྱུར་ཡག་པོ་ཡོང་ཐུབ་ངེས་རེད། དེ་ནི་ང་ཚོས་རྒྱུན་པར་ཤོད་བཞིན་པའི་གསར་འགྱུར་ཟུར་ཚད་ཀྱིས་བརྗོད་བྱ་གཙོ་བོ་གང་ལེགས་མཚོན་པར་བྱས་ནས་གསར་འགྱུར་གྱི་རིན་ཐང་ཇེ་མཐོར་གཏོང་བ་ཞེས་པ་དེ་རེད།

    གསུམ་པ། སྐད་ཆ་འདྲི་ཤེས་པ་དགོས།

    བཅར་འདྲི་བྱེད་པའི་ནང་གསར་འགོད་པས་རང་འགུལ་ངང་སྐད་ཆ་ཤོད་རྒྱུ་དེ་བཅར་འདྲིའི་གཙོ་གནད་ཡིན། བཅར་འདྲིའི་སྤུས་ཚད་དང་གསར་འགོད་པའི་སྐད་ཆ་འདྲི་བའི་ཆུ་ཚད་དབར་འབྲེལ་བ་དམ་ཟབ་ཡོད། གལ་ཏེ་གསར་འགྱུར་ཡག་པོ་ཞིག་ལེགས་སྒྲུབ་བྱེད་བསམ་ན་གསར་འགོད་པས་འདྲི་བྱའི་གནད་དོན་ཁག་སྔོན་ནས་གྲ་སྒྲིག་ཡག་པོ་བྱེད་དགོས་ལ། བཅར་འདྲི་ཞུ་ཡུལ་གྱི་རིག་གནས་ཆུ་ཚད་དང་འཚོ་བའི་གོམས་སྲོལ་ལ་རྒྱུས་མངའ་རགས་ཙམ་དང་དེ་དང་མཐུན་པའི་སྐད་ཆ་འདྲི་དགོས། དེ་ལྟར་མ་བྱས་ན། གསར་འགོད་པའི་སྐད་ཆ་མང་དག་ཅིག་བཞད་གད་ཀྱི་རྒྱུ་རུ་འགྱུར་ངེས།

    དཔེར་ན། ང་ཚོས་རྒྱུན་པར་འཕྱ་སྨོད་བྱེད་བཞིན་པའི་གནད་དོན་ཏེ། མང་ཚོགས་ཁྲོད་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བའི་སྐོར་བཅར་འདྲི་བྱེད་སྐབས་གསར་འགོད་པས“དེང་སང་ཁྱེད་ཚོའི་གྲོང་ཚོའི་དཔལ་འབྱོར་གྱི་རྣམ་པ་གང་འདྲ་འདུག”ཅེས་དྲིས་པར། མང་ཚོགས་དེས“དཔལ་འབྱོར་དེ་སྔོན་རྣམ་པ་ཨོའོ་ཙམ་ཡོད། ཡིན་ཀྱང་། དེང་སང་ལོ་རྒས་པས་མདོག་ཉེས་པོ་ཆགས་བཞག མ་གཞི་ནས་དེ་རིང་དཔལ་འབྱོར་ཆུ་འཁོར་འཐག་བཞིན་ཡོད་པས་ཁྱེད་ཀྱིས་ལྟ་བར་ཕེབས་ན་ཤེས་ངེས་རེད”ཅེས་པ་ལྟ་བུ་ནི་གསར་འགོད་པ་གང་དེས་སྐད་ཆ་བཤད་མ་ཐུབ་པའི་རྐྱེན་ཁོ་ན་ལས་བྱུང་བའི་འབྲས་བུ་ཡིན་ཏེ། གསར་འགོད་པས་མང་ཚོགས་ཁྲོད་བཅར་འདྲི་བྱེད་དུས་མང་ཚོགས་ཀྱིས་གོ་ཐུབ་པ་དང་གོ་བ་ལེན་ཐུབ་པའི་སྐད་ཆ་མ་དྲིས་པས་སོ། གལ་ཏེ་གསར་འགོད་པས་མང་ཚོགས་གང་དེར“དེང་སང་འཚོ་བ་གང་འདྲ་འདུག་གམ”ཡང་ན“དེང་སང་ཡོང་འབབ་གང་འདྲ་འདུག་གམ”སོགས་དྲིས་ན་མང་ཚོགས་ཀྱིས་དེང་སང་གི་འཚོ་བ་དང་ཐོན་སྐྱེད་འཕེལ་རྒྱས་སྐོར་གླེང་བ་ལས་གང་ཟག་དཔལ་འབྱོར་གྱི་སྐོར་ཤོད་ཀྱི་མ་རེད། དེས་ན་བཅར་འདྲིའི་ནང་སྐད་ཆ་ཤོད་ཤེས་པ་དགོས་རྒྱུ་དེ་གལ་འགངས་ཤིན་ཏུ་ནས་ཆེ་བ་ཞིག་ཡིན་པ་ར་སྤྲོད་ཐུབ།

    བཞི་པ། ལུགས་དང་མཐུན་པའི་གསར་འགྱུར་འགོད་དགོས།

    འདིར་བརྗོད་པའི་ལུགས་དེ་ཡང་ལུགས་སྲོལ་དང་འཚོ་བའི་གོམས་སྲོལ་དང་མཐུན་པར་གོ་བ་ཡིན། དེ་ཡང་། གསར་འགྱུར་ནི་དོན་དངོས་ཀྱི་གདམ་གསེད་བརྒྱུད་ནས་ཐོན་པ་མ་གཏོགས། ལམ་ཕྱོགས་དང་ལྟ་ཚུལ་མེད་པར་ཕྱི་ཡུལ་རིང་ལུགས་ཀྱིས་“མཐོང་ཚད་ཡི་གེར་འགོད་པ”ཞིག་མིན། དེས་ན། གསར་འགྱུར་འགོད་སྤེལ་བྱེད་སྐབས་གསར་འགྱུར་འབྲི་རྩོམ་གྱི་རྩ་བའི་བླང་བྱ་སྟེ། བདེན་པ་དང་གསར་བ། མྱུར་བ། ཐུང་བ། གསོན་ཉམས་ལྡན་པ། གསར་འགྱུར་རང་བཞིན་ལྡན་ཅིང་དོན་དངོས་ལ་བརྟེན་ནས་བཤད་པ་ཡིན་པ་མ་ཟད། ཡུལ་གང་དེའི་ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་གོམས་སྲོལ་དང་མཐུན་པ་བྱ་རྒྱུ་ཡང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན།

    དཔེར་ན། ང་ཚོས་རྒྱུན་པར་བརྙན་འཕྲིན་དང་ཚགས་པར་ཐོག་ནས་མང་ཚོགས་ག་གེ་མོའི་ལུས་ལ་གྱོན་པ་གསར་པ་གྱོན་ནས་ཞིང་ནང་དུ་རྩྭ་འཐོག་པ་དང་འགྱིག་ཤོག་དྲོད་ཁང་ནང་ཚལ་རྐོ་བ། ཆུ་གཏོང་བ། དེ་བཞིན་སྣམ་གོས་ཆ་ཚང་གྱོན་ནས“ཞིང་ཁུལ་དཔེ་ཁང”ནང་དཔེ་དེབ་ལྟ་བཞིན་པ་སོགས་ནམ་རྒྱུན་འཚོ་བའི་གོམས་སྲོལ་དང་རྒྱབ་འགལ་ཕྱིན་པའི་གསར་འགྱུར་མང་པོ་མཐོང་རྒྱུ་ཡོད། དོན་དུ་དེ་ནི་མང་ཚོགས་ཚོ“ཚ་བ་རྒྱས་པ”མིན་པར་གཞི་རིམ་དུ་བསྐྱོད་ནས་གསར་འགྱུར་འགོད་བཞིན་པའི་གསར་འགོད་པར་འཚོ་བའི་རྒྱུན་ཤེས་མེད་པའི་རྟགས་མཚན་ཁོ་ན་རེད།

    གསར་འགྱུར་དེ་འདྲ་འགོད་སྤེལ་བྱེད་མཁན་གསར་འགོད་པས་གསར་འགྱུར་གྱི་སྲོག་རྩ་སྟེ“ཉེ་བ་གསུམ”ལག་ལེན་མ་བྱས་པར་གསར་འགྱུར་པར་རིས་ཀྱི་མཛེས་ཆ་ཁོ་ནར་སེམས་པས་སོ། གསར་འགྱུར་དེ་དག་ཧོབ་ཏེ་བལྟས་ན་ལྟ་འདོད་པ་ཞིག་ཡོད་རུང་དོན་དུ་གསར་འགྱུར་དེ་དག་དོན་དངོས་དང་ཡོངས་སུ་འགལ་བའི་རི་མོ་ཙམ་དུ་ཟད་དོ། དེའི་རྒྱུ་མཚན་ནི་ཞིང་འབྲོག་མང་ཚོགས་ཚོས་ལོ་གཅིག་དུས་བཞིར་གཟབ་མཆོར་སྤྲས་ནས་ཞིང་ནང་དུ་སྐྱོད་པའི་གོམས་སྲོལ་གཉིས་ལས་མེད་པ་སྟེ། གཅིག་ནི་དཔྱིད་གཉའ་སྦྲོ་དང་གཉིས་པ་སྟོན་འོང་སྐོར་གཏོང་སྐབས་ཡིན་པས། གལ་སྲིད་གསར་འགོད་པས་མང་ཚོགས་ཚོས་རྒྱུན་གཏན་ལས་ཀ་བྱེད་སྐབས་ལས་གོས་དང་བདེ་ཆས་མ་སྤྲས་པར་གཟབ་མཆོར་སྤྲས་ནས་ལས་ཀ་བྱེད་པའི་པར་རིས་བཀོད་ཚེ་གསར་འགྱུར་དེ་དོན་དངོས་དང་མི་མཐུན་ལ། གསར་འགྱུར་གྱི་མཚན་ཉིད་དང་འགལ་བ་ཞིག་ཡིན་པས་གསར་འགྱུར་དེ་འདྲ་འགོད་མང་ན་གསར་འགྱུར་ལ་ཡིད་ཆེས་མེད་པར་གྱུར་རོ།

    (ལྷོ་ཁའི་ཚགས་པར་ཁང་གི་ཚེ་རིང་ནོར་བུ)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།