དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གསར་འགྱུར་ཡིག་སྒྱུར་ཁྲོད་ཀྱི་ཐ་སྙད་གསར་པ་གཅིག་གྱུར་ཡོང་ཐབས་སྐོར་མདོ་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-26

    ལོ་ཙཱ་བའི་ཕྱག་ལས་ནི་མི་རིགས་གཉིས་ཀྱི་སྐད་ཕན་ཚུན་གོ་བརྡ་འཕྲོད་ཙམ་གྱི་ལས་སླ་བའི་བྱ་བ་ཞིག་གཏན་ནས་མ་ཡིན་པར། སྐབས་བསྟུན་གྱི་ཐབས་ལམ་མང་པོར་བརྟེན་ནས་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་མི་དམངས་ཀྱི་འཚོ་བ། དམག་དོན་སྒྲིག་གཞི་དང་སྤྱི་ཚོགས་ཀྱི་གནས་བབ་སོགས་རྒྱུས་མངའ་ལོན་པའི་བརྒྱུད་རིམ་གལ་ཆེན་ཞིག་ཡིན། དེ་དང་འདྲ་བར་དེང་གི་ཆར་གསར་འགྱུར་ལོ་ཙཱ་བའི་ཕྱག་ལས་ལ་གཞོལ་བཞིན་པའི་རང་རེའི་ལོ་ཙཱ་བ་ཚོས་བོད་སྐད་ཡིག་དང་ཡིག་སྒྱུར་བྱ་གཞག་གཉིས་ལག་ལེན་ཐོག་འཕེལ་རྒྱས་དང་གཅིག་གྱུར་གྱི་ལམ་བུ་ཞིག་གཏོད་དགོས་པར་ངེས་པར་དུ་བཀས་བཅད་ལ་བརྟེན་དགོས་པ་དེ་ནི་ལོ་རྒྱུས་ཀྱིས་ར་སྤྲོད་ཡང་དག་བྱས་ཡོད། དེ་ཡང་བཀས་བཅད་ཀྱི་གོ་དོན་ཐད་དཔལ་དོན་གྲུབ་རྒྱལ་མཆོག་ནས། བཀས་བཅད་ཅེས་པ་ནི་དུས་རབས་སོ་སོའི་ལོ་ཙཱ་བ་རྣམས་ནས་སྐད་ཡིག་གཅིག་མཐུན་ཡོང་ཆེད་བརྡ་རྙིང་པ་རྣམས་སྐད་གསར་པ་དང་བསྟུན་ནས་བཟོ་བཅོས་ཚད་ལྡན་བྱས་རྗེས་རྒྱལ་པོས་དེ་ལྟར་ལག་ལེན་བསྟར་རྒྱུའི་བཀས་བཅད་དེ་ཁྱབ་བསྒྲགས་བྱས་པའི་དོན་ཡིན་ཞེས་གསུངས་པ་དོན་དུ་གནས་པར་སེམས། དེར་བརྟེན་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་བོད་ཀྱི་གསར་འགྱུར་ལོ་ཙཱ་བའི་བྱ་གཞག་དེ་ལག་ལེན་ཁྲོད་འཕེལ་རྒྱས་སོང་སྟེ་བྱ་དངོས་གསར་པ་མང་པོ་ཞིག་ཐོན་དང་ཐོན་མུས་ཡིན་པ་དེ་རྣམས་ལ་གཅིག་གྱུར་གྱི་ཐ་སྙད་ཅིག་ཆགས་རྒྱུར་འབྲེལ་ཡོད་སྡེ་ཚན་ནས་བཀས་བཅད་གཏན་འཁེལ་བྱ་རྒྱུའི་དགོས་པ་ཧ་ཅང་ཆེན་པོ་མཆིས། འདི་གར་ཁོ་བོས་དེང་དུས་གསར་འགྱུར་ཡིག་སྒྱུར་ལས་དོན་ཁྲོད་ཀྱི་ཐ་སྙད་གསར་པ་གཅིག་གྱུར་ཡོང་ཐབས་སྐོར་མདོ་ཙམ་གླེང་རྒྱུ་སྟེ།

    གཅིག ཐ་སྙད་གསར་པ་གཅིག་གྱུར་ཡོང་བ་བྱེད་དགོས་དོན།

    གསར་འགྱུར་ལོ་ཙཱ་བའི་ཕྱག་ལས་ནི་ཀྲུང་དབྱང་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་དང་རྒྱལ་ཁབ་ཕྱི་ནང་གི་གསར་ཐོན་གནས་ཚུལ་རྣམས་རྒྱ་ཆེའི་ཀློག་པ་པོ་ཚོར་ཇི་མ་ཇི་བཞིན་བརྒྱུད་བསྒྲགས་བྱ་རྒྱུ་དེ་ཙམ་མ་ཟད། བོད་སྐད་ཡིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུར་གཡོལ་ཐབས་བྲལ་བའི་འགན་འཁྲི་ལྡན་ཡོད། དེང་གི་ཆར་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཐ་སྙད་གསར་པ་མང་དག་ཅིག་གསར་འགྱུར་ཡིག་སྒྱུར་ཁྲོད་ཐོན་བཞིན་ཡོད་པ་དེ་དག་གཅིག་གྱུར་དང་ཚད་ལྡན་ཡོང་བ་བྱས་ནས་རྒྱ་ཆེའི་ཀློག་པ་པོ་ཚོས་གོ་བ་ཙམ་གྱིས་ནང་དོན་གསལ་པོར་རྟོགས་ཐུབ་པ་མ་ཟད། སེམས་ལ་བག་ཆགས་གང་ཙམ་འཇོག་ཐུབ་པ་དེ་ནི་གསར་འགྱུར་ཡིག་སྒྱུར་ལས་དོན་པ་དང་ལོ་ཙཱ་བ་ཡོངས་ཀྱི་ལྡོག་མེད་ཀྱི་ལས་འགན་ཉག་གཅིག་ཡིན། ཐ་སྙད་གསར་པ་དབྱར་གྱི་ཤ་མོ་བརྡོལ་བ་ལྟར་ཐོན་བཞིན་པའི་དེང་གི་དུས་དེར་རྒྱུན་གཏན་གྱི་གསར་འགྱུར་ཡིག་སྒྱུར་ལས་དོན་ཁྲོད་མ་གཞི་བོད་སྐད་ཡིག་ལས་དོན་ཨུ་ལྷན་ཁང་བོད་སྐད་ཡིག་ཐ་སྙད་བཀས་བཅད་ཨུ་ལྷན་གྱིས་ཐ་སྙད་གསར་པ་བཀས་བཅད་དང་ཚད་ལྡན་བཟོས་ཡོད་ནའང་། ཚན་པ་དང་མི་སོ་སོའི་འདོད་ཚུལ་ལམ་ཡང་ན་ལྟ་བ་མི་འདྲ་བས་ཐ་སྙད་ཀྱང་གཅིག་གྱུར་དེ་ཙམ་ཡོང་གི་མེད་རྐྱེན་དངོས་པོ་གཅིག་ལ་མིང་མང་པོ་འདོགས་པའི་སྣང་ཚུལ་ཐོན་པ་དཔེར་ན“中国梦”ཞེས་པ་རྒྱལ་ཡོངས་ཀྱི་ས་ཆ་གང་སར་གྲགས་པའི་ཐ་སྙད་དེར་མཚོན་ན། སྐབས་ཤིག་རིང་གཅིག་གྱུར་བཟོ་མཁན་མ་བྱུང་བའི་དབང་གིས་བོད་སྐད་དུ་ཀྲུང་གོའི་རྨི་ལམ་དང་། ཀྲུང་གོའི་བསམ་འདུན། ཀྲུང་གོའི་ཕུགས་འདུན་སོགས་བསྒྱུར་སྟངས་མི་འདྲ་བ་ཐོན་པ་དེས་བོད་སྐད་ཡིག་ཡང་དག་ངང་གོང་འཕེལ་འགྲོ་རྒྱུར་འགོག་རྐྱེན་བཟོ་གི་ཡོད་ལ། མང་ཚོགས་ཁྲོད་གོ་བརྡ་མི་འཕྲོད་པར་སླར་ཡང་སྐད་སྒྱུར་བྱེད་དགོས་པར་ཐུག་གི་ཡོད། ཕྱིས་སུ་ཚན་པ་མང་པོའི་རིགས་གཅིག་མཁས་ཅན་དང་ལོ་ཙཱ་བའི་གྲོས་བསྡུར་འོག་ཀྲུང་གོའི་ཕུགས་འདུན་ཞེས་པར་གཅིག་གྱུར་བཟོས་ཡོད། དེར་བརྟེན་ཡིག་སྒྱུར་ལས་དོན་ཁྲོད་ཐ་སྙད་བཀས་བཅད་དང་ཚད་ལྡན་ཡོང་བ་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་པར་སེམས།

    གཉིས། ཐ་སྙད་གསར་པ་གཅིག་གྱུར་ཡོང་བ་བྱ་རྒྱུ་དེ་ནམ་རྒྱུན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།

    དུས་རབས་ཉེར་གཅིག་པར་གསར་འགྱུར་ཡིག་སྒྱུར་ལས་ཀ་དེ་སྐད་བརྡ་རྐྱང་པའི་ཁྱབ་ཁོངས་ལས་བརྒལ་ཏེ་ཆ་འཕྲིན་རིག་པ་དང་། མཚན་ཉིད་རིག་པ། སེམས་ཁམས་རིག་པ་སོགས་དང་འབྲེལ་བ་དམ་ཟབ་ཡོད་པས། ཡིག་སྒྱུར་བར་འགྲན་སློང་གསར་པ་མང་པོ་ཞིག་འཕྲད་དང་འཕྲད་མུས་ཡིན་པ་དེ་ནི། རྒན་རབས་ཚོས་དུས་རྒྱུན་དུ་གསུངས་པའི་ཨམ་ཐང་གཉིས་དང་ཆབ་ཆོབ་བཅོ་བརྒྱད་ཟེར་བ་ལྟར་ཕྱོགས་གང་ས་ཅི་ཐད་ཀྱི་ཤེས་བྱ་གང་ལ་གང་འཚམ་ཤེས་དགོས་པ་དེ་ཡིན། བོད་ཡིག་ཚགས་པར་གྱི་གསར་འགྱུར་ཡིག་སྒྱུར་ལས་ཀ་བྱེད་མཁན་ཞིག་ཡིན་ཕྱིན། རང་ཉིད་ཀྱི་སྒྱུར་ཡིག་དེའི་ནང་དོན་ངེས་པར་དུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་བལྟས་པ་ཙམ་གྱིས་གསལ་པོར་རྟོགས་པ་ཞིག་དགོས་པས་རྒྱ་བོད་སྐད་ཡིག་གཉིས་ཀར་བྱང་ཆུབ་པ་ཞིག་དགོས་པ་མ་ཟད། ད་དུང་གཞི་རིམ་མང་ཚོགས་ཀྱི་སྐད་ཆ་འཚོལ་བསྡུ་དང་རྟོག་ཞིབ་བྱེད་དགོས་གལ་ཆེ། བོད་ཡིག་ཚགས་པར་གྱི་ཞབས་འདེགས་ཞུ་ཡུལ་ནི་བོད་རིགས་ས་ཁུལ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་། ལས་བྱེད་ལས་བཟོ། མཐོ་རིམ་རྒྱལ་གཅེས་མི་སྣ། ཆོས་ཕྱོགས་མི་སྣ། ཤེས་ཡོན་ཅན་སོགས་ལས་རིགས་དང་ཤེས་ཚད་སྣ་ཚོགས་ཀྱི་མི་སྣ་ཡིན། དེ་དག་གི་རིག་གནས་ཆུ་ཚད་ཐད་ལའང་ཁྱད་པར་ཆེན་པོ་ཡོད་པ་མ་ཟད་དབུས་སྐད་དང་། ཁམས་སྐད། ཨ་མདོའི་སྐད་བཅས་ཤོད་མཁན་ཅི་རིགས་ཡོད། དེར་ཁོང་ཚོས་རང་ཉིད་ཀྱི་བློ་གྲོས་ལ་དཔག་ནས་ནང་དོན་རྟོགས་ཐབས་བྱེད་པ་མ་ཟད། དུས་རྒྱུན་གྱི་འཚོ་བ་དང་འབྲེལ་འདྲིས་ཆེ་བའི་ཐ་སྙད་གསར་རྩོམ་བྱེད་ཀྱི་ཡོད་པས་བོད་ཡིག་ཚགས་པར་ཙམ་མ་ཟད། རླུང་འཕྲིན་བརྙན་འཕྲིན་སོགས་སྨྱན་སྦྱོར་ཚན་པས་ཐ་སྙད་དེ་རིགས་འཚོལ་བསྡུ་དང་དཔྱད་བསྡུར་གང་ལེགས་བྱས་ཏེ་བོད་མི་ཡོངས་ཀྱིས་གོ་ཐུབ་པའི་ཐ་སྙད་གསར་བཟོ་དང་བེད་སྤྱོད་བྱེད་དགོས་གལ་ཤིན་ཏུ་ནས་ཆེ།

    དེང་གི་ཆར་བོད་རིགས་ས་ཁུལ་དུ་ད་དུང་ཐ་སྙད་གཅིག་གྱུར་མེད་པའི་སྣང་ཚུལ་ཐོན་བཞིན་ཡོད་པ་དཔེར་ན། “黄金周”ཞེས་པར་སྤྲོ་གསེང་གཟའ་འཁོར་དང་། ཡུལ་སྐོར་དུས་བཟང་། རྫོགས་ལྡན་གཟའ་འཁོར་སོགས་དང་། “四风”ཞེས་པར་སྲོལ་ངན་བཞི་དང་། སྤྱོད་ཚུལ་བཞི། སྤྱོད་ངན་བཞི་སོགས། “丝绸之路”ཞེས་པར་དར་སིའི་འགྲུལ་ལམ་དང་། དར་གོས་ལམ་བུ། དར་གོས་འགྲུལ་ལམ་སོགས“界别”ཞེས་པར་ལས་རིགས་ཁག་དང་། རིགས་ཁོངས། ཕྱོགས་གཏོགས་སོགས་ཀྱི་སྒྱུར་སྲོལ་མང་པོ་ཐོན་ཡོད། ཐ་སྙད་གཅིག་གྱུར་མ་བྱུང་ན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་གོང་གསལ་ཐ་སྙད་དེ་དག་གི་ནང་དོན་ཁག་ཁག་ཡིན་པའི་མགོ་རྙོག་ཐོན་གྱི་ཡོད། དེ་ཡང་མཁས་དབང་ཚེ་བརྟན་ཞབས་དྲུང་མཆོག་ནས། ཐ་སྙད་གཅིག་གྱུར་མ་བྱུང་ཚེ་སློབ་གྲྭ་ལྟ་བུར་ཆ་མཚོན་ན། དགེ་རྒན་ནང་ཕན་ཚུན་མིང་འདོགས་ཚུལ་མ་མཐུན་པར་སློབ་མ་རྣམས་ལའང་དེ་ལུགས་ཀྱི་མིང་འདོགས་རྣམ་པ་སྣ་ཚོགས་རེ་བསླབས། མིང་འདོགས་མི་མཐུན་པ་དེ་ལས་བྱུང་བའི་འབྲས་བུར་བྱ་གཞག་གཅིག་ཡིན་ན་ཡང་གོ་བ་ལེན་སྟངས་མི་འདྲ་བ་རེ་བློ་ངོར་བཞག དེའི་དབང་གིས་ཤེས་པར་བྱ་རྒྱུ་དེ་སྤྱིར་ན་ལས་སླ་མོ་ཞིག་ཡིན་ཡང་ཐ་སྙད་ཐ་དད་པའི་དབང་གིས་ཇེ་དཀའ་ལ་བཏང་ནས་མཐར་སེམས་ན་འཛིན་དཀའ་བ་ཞིག་ཏུ་གྱུར་ཡོད། དེའི་ཕྱིར་ཐ་སྙད་གསར་པ་དེ་དག་གང་ཐུབ་ཅི་ཐུབ་ཀྱིས་གཅིག་གྱུར་ཡོང་རྒྱུར་འབད་བརྩོན་རྒྱུན་ཆད་མེད་པར་བྱ་་དགོས་ཞེས་གསུངས་པ་ནི་ཧ་ཅང་གལ་ཆེ་བར་སྙམ།

    མདོར་ན། བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་དང་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ཙམ་མ་ཟད། སློབ་གཞི་རྩོམ་སྒྱུར་ཅུས་དང་གསར་འགྱུར་ཡིག་སྒྱུར་ལོ་ཙཱ་བ་རྣམས་ཀྱིས་གསར་ཐོན་གྱི་ཐ་སྙད་གཅིག་གྱུར་བཟོ་བའི་ཐད་རང་རྟོགས་ངང་དཔེ་སྟོན་གྱི་ནུས་པ་བཏོན་ནས། ཐ་སྙད་གསར་པ་དེ་རིགས་གཅིག་གྱུར་བཟོ་གང་ཐུབ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་གོ་ཐུབ་ལ་ཤོད་འདོད་པའི་མང་ཚོགས་ཀྱི་རྨང་གཞི་ངེས་ཅན་ལྡན་པའི་ཐ་སྙད་འཚོལ་བསྡུ་དང་བེད་སྤྱོད་བྱེད་དགོས་ལ་བོད་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་བ་བྱ་རྒྱུར་གཞོལ་དགོས།

    (བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའི་བཀྲ་ཤིས་ཚེ་དབང་གིས)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།