དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བྱང་ཚད་སློབ་གསོ་དར་སྤེལ་གཏོང་སྐབས་ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན་ལ་རགས་ཙམ་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-29

    སྤྱིར་ན་སློབ་གསོར་དབྱེ་ན་ཁྱིམ་ཚང་གི་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། དེ་བཞིན་སྤྱི་ཚོགས་ཀྱི་སློབ་གསོ་སོགས་མང་དུ་མཆིས་ལ་དེ་དག་གཅིག་ལ་གཅིག་རྟེན་གྱི་འབྲེལ་བར་གྲུབ་པ་སྨོས་མི་དགོས་ཀྱང་། ཆེས་རྨང་གཞིར་གྱུར་པ་ནི་ཁྱིམ་ཚང་སློབ་གསོ་ཡིན་ལ། བྱང་ཚད་སློབ་གསོ་དར་སྤེལ་གཏོང་བར་ཁྱིམ་ཚང་སློབ་གསོར་དམ་འཛིན་བྱ་རྒྱུ་དེ་གལ་ཆེར་མཐོང་བས་དོན་གནད་འདི་མགོ་ཐོག་གི་བུམ་པ་དང་། ལྕེ་ཐོག་གི་བདུད་རྩི་ལྟ་བུར་བརྩིས་ཏེ་མཐོང་ཆེན་གནང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།


    དང་པོ། བྱང་ཚད་སློབ་གསོ་དང་ཁྱིམ་ཚང་སློབ་གསོའི་སྐོར།


    གཅིག བྱང་ཚད་སློབ་གསོའི་ངོ་བོ་དང་དེའི་གལ་ཆེའི་རང་བཞིན།


    བྱང་ཚད་སློབ་གསོ་ནི་སློབ་ཕྲུག་ཡོངས་ལ་ཁ་ཕྱོགས་པའི་སློབ་གསོ་ཞིག་ཡིན་ལ། སློབ་ཕྲུག་གི་ཕྱོགས་ཡོངས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། སློབ་ཕྲུག་གིས་རང་འགུལ་ངང་སློབ་སྦྱོང་དང་རང་སྟོབས་རང་སྤེལ་བྱེད་པའི་ནུས་པ་གོང་མཐོར་གཏོང་བ། སློབ་ཕྲུག་གི་སྤྱིའི་བྱང་ཚད་རྒྱུན་མཐུད་གོང་འཕེལ་གཏོང་བའི་དམིགས་ཚད་དུ་སླེབས་ཐུབ་པ་བཅས་ལ་མཁོ་བའི་སློབ་གསོ་ཞིག་དང་། དེ་བཞིན་མིའི་རིག་སྟོབས་དང་ལུས་སྟོབས་རང་དབང་རང་བདག་གི་སྒོ་ནས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ། མིའི་ཕྱོགས་ཡོངས་ཀྱི་ནུས་རྩལ་དང་། དགའ་སྣང་། དགེ་མཚན་གཅིག་མཐུན་སྒོ་ནས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ་དང་ཆབས་ཅིག མིའི་ཕྱོགས་ཡོངས་ཀྱི་ཀུན་སྤྱོད་བྱང་ཚད་གོང་མཐོར་གཏོང་བ་སོགས་མདོར་ན། རྒྱལ་དམངས་ཀྱི་སྤྱིའི་བྱང་ཚད་གོང་མཐོར་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་དང་མཚུངས་པའི་སྔོན་ཐོན་གྱི་སློབ་གསོ་ཞིག་ཀྱང་རེད།


    གཉིས། ཁྱིམ་ཚང་སློབ་གསོའི་ངོ་བོ་དང་དེའི་གལ་ཆེའི་རང་བཞིན།


    ལོ་ཆུང་བྱིས་པ་ནི་སློབ་གྲྭ་དང་། སྤྱི་ཚོགས། ཁྱིམ་ཚང་བཅས་ཀྱི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བ་ཤ་སྟག་རེད། རང་རྒྱལ་གྱི་རྒྱལ་དམངས་སློབ་གསོའི་མ་ལག་ཀྱང་སློབ་གྲྭའི་སློབ་གསོ་དང་། སྤྱི་ཚོགས་སློབ་གསོ། ཁྱིམ་ཚང་སློབ་གསོ་བཅས་ལས་གྲུབ་པ་ཞིག་ཡིན་རྐྱེན། བྱང་ཚད་སློབ་གསོ་སྒོ་ཀུན་ནས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཁྱིམ་ཚང་སློབ་གསོའི་གནས་བབ་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོས་འཐུས་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། དེ་ཡང་། དང་ཐོག་ཁྱིམ་ཚང་སློབ་གསོ་ནི་ཁྱིམ་བདག་གིས་བུ་ཕྲུག་ལ་སློབ་གསོ་ཁོ་ན་རྒྱག་པའི་བརྒྱུད་རིམ་སྟབས་བདེ་ཞིག་མ་ཡིན་པར། ཁྱིམ་བདག་གི་སློབ་གསོའི་འདུ་ཤེས་དང་། སློབ་གསོ་རྒྱག་སྟངས། སློབ་གསོའི་བྱ་སྤྱོད་ཀྱིས་ལོ་ཆུང་བྱིས་པའི་ལུས་ཁམས་དང་། སེམས་ཁམས་ལ་ཐད་ཀའི་ཤུགས་རྐྱེན་ཐེབས་པ་དང་། གཉིས་ནས་ལོ་ཆུང་བྱིས་པས་མི་ཚེའི་རིན་ཐང་ལ་འཛིན་པའི་དགའ་སྣང་གི་ལྟ་བ་དང་། ཤེས་རིག་ལ་བཅངས་པའི་དགའ་ཞེན། རང་ངོས་ཀྱི་བྱང་ཚད་གོང་མཐོར་གཏོང་བའི་སེམས་ཤུགས། ཕུགས་བསམ་གྱི་སྒུལ་ཤུགས་བཅས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན། ཁྱིམ་ཚང་སློབ་གསོ་ནི་བྱང་ཚད་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་རེད།


    གསུམ། བྱང་ཚད་སློབ་གསོ་དང་ཁྱིམ་ཚང་སློབ་གསོའི་དབར་གྱི་འབྲེལ་བ།

    སློབ་གསོ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་དང་། མི་སྣ་གསོ་སྐྱོང་བྱེད་པའི་ལས་འགུལ་ཞིག་ཡིན་པས། སློབ་གསོ་འདི་ཉིད་སྤྱི་ཚོགས་ཀྱི་ཁོར་ཡུག་ངེས་ཅན་ཞིག་ཏུ་གནས་ཡོད་པ་ཧ་གོ་དོན་གསལ་རེད་ལ། སྤྱི་ཚོགས་ཁོར་ཡུག་ཁྲོད་ཀྱི་སྣང་ཚུལ་ཡོད་ཚད་ཀྱིས་སློབ་གསོའི་འཕེལ་རྒྱས་དང་གནས་སྟངས་སོགས་ལ་ཤུགས་རྐྱེན་ཐེབས་སྲིད་པའང་བརྗོད་མེད་རེད། མ་ཟད་ཁྱིམ་ཚང་ནི་སྤྱི་ཚོགས་ཧྲིལ་པོའི་རྨང་གཞིར་གྱུར་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཁྱིམ་ཚང་སློབ་གསོའི་ལེགས་ཉེས་ལས་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་ཀྱི་སློབ་གསོར་ཐད་ཀའི་ཤུགས་རྐྱེན་ཐེབས་སྲིད་པ་བདེན་པར་གྲུབ་ཙ་ན། གནད་དོན་དེའི་ཐད་ཡང་བསྐྱར་དཔྱད་ཞིབ་གོ་བསྡུར་བྱེད་པའི་དགོས་པ་མེད་སྙམ། འོན་ཀྱང་ཁྱིམ་ཚང་སློབ་གསོ་དང་བྱང་ཚད་སློབ་གསོའི་དབར་གྱི་འབྲེལ་བར་ཚད་གསུམ་རིགས་ལམ་ཕྲ་མོས་དཔྱད་ཞིབ་བྱ་རྒྱུ་ནི་གལ་ཆེ་ལ་ནན་ཏན་དུ་བསམས་ཏེ་ཚུལ་དེ་ལ་འཇུག་པར་སྤྲོ་བ་ལགས། དེ་ཡང་བྱང་ཚད་སློབ་གསོའི་དགོས་དོན་སྙིང་པོ་ནི་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན་མོད། འོན་ཏེ་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་བྱ་བར་འགྱུར་མེད་གཏན་འཇགས་ཀྱི་ངེས་སྲོལ་ལམ་བྱ་ཐབས་ཤིག་མེད་རྐྱེན། སློབ་གསོ་དོན་གཉེར་གནང་མཁན་ཚོས(ཕ་མ་དང་དགེ་རྒན)སློབ་གསོ་དང་ལེན་བྱེད་མཁན་ཚོར(བུ་ཕྲུག་དང་སློབ་མར)མཁོ་བའི་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་ཙམ་མ་ཟད། ཁོར་ཡུག་དེ་འདྲའི་འོག་སློབ་གསོ་དང་ལེན་བྱེད་མཁན་ཚོར་གཅིག་མཚུངས་མིན་པའི་རང་ངོས་ཀྱི་ལྟ་ཚུལ་དང་། བསམ་འཆར། དེ་བཞིན་རེ་འདུན་དང་དད་མོས་སོགས་ཡོད་ཆོག་ལ། ཁེར་རྐྱང་བསམ་གཞིག་དང་རྩོད་གླེང་དགག་སྒྲུབ། གཞན་ཡང་དོགས་སློང་འཚོལ་རྟོགས་ཀྱི་ནུས་པ་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་འགག་གནད་གཙོ་བོར་བཟུང་དགོས།


    དེ་ལྟར་གོང་གསལ་གྱི་ཆ་རྐྱེན་ཀུན་འཛོམས་པའི་མི་སྣ་ཞིག་གསོ་སྐྱོང་བྱེད་པའི་ཆེས་ཐོག་མའི་ཁོར་ཡུག་ནི་ཁྱིམ་ཚང་ཡིན་པས། ཁྱིམ་བདག་མི་རེ་ངོ་རེས་དོན་འདི་ཨ་ཡོད་ནང་གི་ད་ཡོད་དང་། སྒོ་ངའི་ནང་གི་སེར་རིལ་ལྟ་བུར་བརྩིས་ཏེ་ཁ་ཡོད་ལག་ཡོད་ཀྱིས་དམ་འཛིན་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་རུང་། དེང་སྐབས་ཁྱིམ་བདག་ཕལ་མོ་ཆེས་ཁྱིམ་ཚང་སློབ་གསོར་མཐོང་ཆེན་མི་བྱེད་པའམ་དེའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་མ་བྱུང་བའི་རྐྱེན་གྱིས། ད་ཆ་ང་ཚོའི་ཕྲུ་གུ་མང་ཆེ་བ་ལག་རྡུམ་ལྟ་བུར་གྱུར་པའི་སྣང་ཚུལ་དེ་ཐོན་ལ། སྣང་ཚུལ་དེའི་ཤུགས་རྐྱེན་ངན་པས་རང་རེའི་བྱང་ཚད་སློབ་གསོར་འགོག་རྐྱེན་ངན་པ་བཟོས་ཡོད།


    གཉིས་པ། ཁྱིམ་ཚང་སློབ་གསོའི་ཁྲོད་གནས་པའི་སྐྱོན་ཆ། གཅིག

    ཕྲུ་གུར་རྒྱུས་ལོན་གཏིང་ཟབ་མ་བྱུང་བཞིན་དུ་ཐལ་དྲགས་པའི་རེ་བ་འདོན་པ།

    ཕ་མ་སུ་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་བུ་ཕྲུག་ཀུན་ལས་ཁྱད་དུ་འཕགས་པ་ཞིག་ཆགས་ཆེད་འབད་པ་ཧུར་ལེན་གྱིས་རེ་བ་ནན་པོ་བཅོལ་བ་ལེགས་མོད་ཀྱང་། ཕྲུ་གུའི་ཕྱོགས་གང་ས་ཅི་ཐད་ལ་རྒྱུས་མངའ་མཐར་ཕྱིན་མི་ལོན་བཞིན་དུ་རང་འདོད་མཐའ་སྐྱེལ་དང་རྟ་མགོ་རང་གྱེར་གྱིས་ཁོ་ཚོའི་ཁ་ལོ་སྒྱུར་རྩིས་བྱེད་པ་ནི་བླུན་པོའི་རྣམ་ཐར་སྐྱོང་བ་ཁོ་ནར་ཟད་པས། སྐྱོན་ཆ་ནམ་མཁར་ཤོང་ཐབས་ག་ལ་ཡོད། དཔེར་ན། རང་གི་ཕྲུ་གུས་དུས་ཚོད་སྐར་ཆ་བཅུ་ཡི་ནང་སྨི་བརྒྱའི་ལམ་ཚད་བགྲོད་ཐབས་མེད་པ་ཤེས་བཞིན་དུ་ཨུ་ཚུགས་མཐའ་སྐྱེལ་བྱས་ན་ཕྲུ་གུར་བཟོད་མི་ཐུབ་པའི་གནོན་ཤུགས་སྦྱིན་པ་ལས་འབོད་སྐུལ་བྱས་པ་ཞིག་མིན་ལ། ཡུན་རིང་སོང་ཚེ་ཕ་མ་བུ་ཕྲུག་དབར་ཆེས་རྣོ་ངར་ལྡན་པའི་འགལ་ཟླ་ཆགས་སྲིད་པའང་ང་ཚོའི་མཐོང་ཆོས་སུ་གྱུར།

    གཉིས། ཕྲུ་གུའི་དགའ་དད་ལ་སྣང་ཆེན་མི་བྱེད་པ།

    ཕྲུ་གུའི་དགའ་དད་ལ་མཐོང་ཆེན་བྱ་རྒྱུ་ནི་ཕ་མ་མི་རེ་ངོ་རེའི་འགྱུར་དུ་མེད་པའི་འགན་འཁྲི་ཞིག་ཡིན་ལ། ཁྱིམ་ཚང་སློབ་གསོའི་ཁྲོད་ཀྱི་འགག་གནད་ཅིག་དང་། ཕྲུ་གུའི་ཁེར་རྐྱང་གི་བསམ་གཞིག་ནུས་པ་སྐྱེད་སྲིང་ལ་མཁོ་བའི་ཐབས་ཇུས་ལེགས་པོ་ཞིག་རེད། དེ་ཡང་མི་སུམ་ཅུར་བསམ་བློ་སུམ་ཅུ་ཞེས་པའི་དཔེ་ལྟར། འཇིག་རྟེན་ཐོག་ཡོངས་སུ་ཆ་མཚུངས་སུ་གྱུར་པའི་དངོས་པོ་ཞིག་བསྟན་རྒྱུ་མེད་པ་ཇི་བཞིན་ཕ་མ་བུ་ཕྲུག་གཉིས་པོའི་དགའ་ཕྱོགས་དང་། བསམ་ཚུལ་སོགས་ལའང་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པས་ཕྲུ་གུའི་དོན་དངོས་ཀྱི་འདོད་མོས་ལ་གཞིགས་པའི་གསོ་སྐྱོང་བྱ་ཐབས་གཏན་འཁེལ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། འོན་ཀྱང་དེང་སྐབས་རང་རེའི་ཁྱིམ་བདག་ཕལ་མོ་ཆེས་རང་གི་དགའ་ཕྱོགས་གཙོ་བོར་བཟུང་བ་ཙམ་ལས། ཕྲུ་གུའི་འདོད་མོས་ལ་གཙིགས་མཐོང་གནང་གི་མེད་དེ། དཔེར་ན། ཕ་མ་རང་ཉིད་རྐང་རྩེད་སྤོ་ལོར་དགའ་པོ་ཡོད་ཚེ་ཕྲུ་གུས་ལག་རྩེད་སྤོ་ལོ་རྒྱག་རྒྱུར་བཀག་འགོག་བྱེད་ཅིང་། ཐ་ན་ཕྲུ་གུའི་མ་འོངས་ཀྱི་ལས་དོན་དང་། གཉེན་སྒྲིག་སོགས་ལའང་ཐེ་ཇུས་བྱེད་པས། རང་རེའི་ཕྲུ་གུ་མང་ཆེ་བར་རང་སོའི་ལྟ་བ་དང་བསམ་ཚུལ་མེད་ལ། རང་མཁོ་རང་སྒྲུབ་ནུས་པ་ཡང་མེད་པའི་མཇུག་འབྲས་ངན་པས་བཟོས་པའི་གྱོང་གུན་ནི་གསེར་སྲང་སྟོང་ཕྲག་གིས་ཉོ་ཐུབ་པ་ཞིག་ག་ལ་ཡིན།

    གསུམ། ཕྲུ་གུའི་མཚར་སྣང་དང་འཚོལ་རྟོགས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱ་རྒྱུ་མ་འདང་བ།

    མཚར་སྣང་ནི། ཕྲུ་གུས་བྱ་དངོས་གང་རུང་ཤེས་འདོད་ཀྱི་བློ་ལས་བྱུང་བ་ཡིན་ལ། འཚོལ་རྟོགས་ཀྱི་སྙིང་སྟོབས་ནི་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་རེད། དེར་མ་ཟད་ཕྲུ་གུའི་མཚར་སྣང་སྣ་ཚོགས་ལས་ཁོ་ཚོའི་འཚོལ་རྟོགས་ཀྱི་སྙིང་སྟོབས་བྱུང་བ་ཞིག་ལགས་ན། དོན་གནད་དེ་ལྟ་བུར་སྣང་ཆུང་བྱས་པས་ག་ལ་འགྲིག དེ་ཡང་ཅ་དངོས་གང་ཡང་རུང་བ་ཞིག་ཕྲུ་གུའི་མིག་ལམ་དུ་འཆར་མ་ཐག་དེ་འབྲེལ་གྱི་གནད་དོན་རང་གི་ཕ་མར་འདྲི་འདོད་བྱེད་ལ། དེ་མུར་ལག་ཏུ་ཐོགས་ཏེ་ཉམས་ཞིབ་བྱ་རྒྱུར་ཡང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་རང་རེའི་ཕ་མ་མང་ཆེ་བས་ངང་རིང་གིས་ལན་འདེབས་རྒྱུ་ཕར་བཞག སུན་སྣང་ཁོ་ནས་ཕྲུ་གུའི་འདོད་བློ་ཁེངས་སུ་འཇུག་གི་མེད་ལ། ཐ་ན་ཕྲུ་གུས་ཅ་དངོས་ལག་ཏུ་ཐོགས་མ་ཐག་དེ་མུར་བཀའ་བཀྱོན་གནང་གི་ཡོད།

    བཞི། ཕྲུ་གུར་གཞན་རྟེན་གྱི་གོམས་གཤིས་ངན་པ་འཇགས་སུ་འཇུག་པ།

    ཕ་མ་སུ་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་ཕྲུ་གུ་དཔྲལ་བའི་མིག་དང་། སྙིང་གི་ཚི་ལུ་ལྟ་བུར་མི་བརྩི་མཁན་མེད་མོད། འོན་ཀྱང་ཁྱད་འཕགས་ཀྱི་བློ་རིག་དང་སྔོན་ཐོན་གྱི་བསམ་བློར་བརྟེན་ཏེ་ཕྲུ་གུའི་རང་རྐྱ་འཕེར་བའི་འཇོན་ནུས་གསོ་སྐྱོང་ལ་དཀའ་སྤྱད་འབད་བརྩོན་གནང་མཁན་ནི་ཉིན་མོའི་སྐར་མའི་ཟླ་ལ་གྱུར། དེ་ཡང་རང་རེའི་ཁྱིམ་བདག་ཚོས་ཁྱིམ་ཚང་གི་ལས་ཀའི་ཁུར་པོ་ཡང་དུ་གཏོང་ཆེད་བུ་རྫི་གླས་ཏེ་ཕྲུ་གུར་ཕྱོགས་གང་ས་ཅི་ཐད་ཀྱི་ཞབས་འདེགས་ཞུ་རུ་བཅུག་སྟབས། དུས་ཕྱིས་རང་རེའི་ཕྲུ་གུ་ཚོས་བཟའ་བཏུང་འབའ་ཞིག་དོན་གཉེར་ཐུབ་པ་ཙམ་ལས་ལྟོ་ཆས་བཟོ་མི་ཤེས་ལ། གྱོན་ཆས་གྱོན་ཤེས་པ་ཙམ་ལས་འཚེམ་འཁྲུ་མི་ཤེས་པའི་སྐྱོན་ཆ་ལྷག་བཞིན་པ་ནི་ཅི་འདྲའི་ཡ་ང་བ་ཞིག་མ་ལགས་སམ། ཡང་དཔེར་ན། ཕྲུ་གུ་ཞིག་ཁང་པའི་ཐེམ་པ་འགྲོལ་མ་ཐུབ་པར་ངུ་བཞིན་ཡོད་ཙ་ན། ཕ་མས་བྱམས་སྙིང་རྗེ་ཆེ་མདོག་གིས་ཕྲུ་གུར་རོགས་རམ་བྱེད་པ་སོགས་མདོར་ན། མངོན་ལྐོག་གང་རུང་ནས་ཁོ་ཚོར་གཞན་རྟེན་གྱི་གོམས་གཤིས་ངན་པ་འཇགས་སུ་འཇུག་གི་ཡོད།

    ལྔ། ཕྲུ་གུའི་དོགས་སློང་དང་དགག་སྒྲུབ་ཀྱི་སྙིང་སྟོབས་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་མི་བྱེད་པ།

    དེ་ཡང《དཔྱད་ཤེས་རྒྱང་འབོད》དུ། རང་རིགས་ནི་གཡོ་དང་སྒྱུ་ལ་དོགས་སློང་བྲལ་བའི་རང་གཤིས་དང་ལྡན་པ་ཞིག་རེད་ཅེས་གསུངས་པ་ནི། ཁ་བདག་མེད་ཀྱི་ནང་ནས་འབུད་པའི་ཚིག་ཚོད་མེད་ཅིག་མིན་པ་རང་ཚོའི་ཕྲུ་གུ་ཚོའི་ད་ལྟའི་བྱེད་ལུགས་བྱེད་སྟངས་ལས་ཡོངས་སུ་གསལ་བཤད་བྱེད་ཐུབ། ཀུན་གྱིས་མཁྱེན་གསལ་ལྟར། དོགས་སློང་བྲལ་བའི་གཤིས་ཀ་ནི་སྐྱེས་མ་ཐག་ནས་རང་རྒྱུད་ལ་འཇགས་པ་ཞིག་མ་ཡིན་ལ། འགྱུར་དུ་མེད་པའི་མི་ཆོས་ཀྱི་ལྟ་བ་ཞིག་མ་ཡིན་རུང་། རང་རེའི་ཕྲུ་གུ་ཀུན་ལ་གཅིག་མཚུངས་ཀྱི་ཁྱད་ཆོས་འདི་ལྟ་བུ་ལྡན་པའི་ཆེས་ཐོག་མའི་རྒྱུ་རྐྱེན་ནི་ཁྱིམ་ཚང་གི་སློབ་གསོ་དང་འབྲེལ་བ་དམ་ཟབ་ཡོད་དེ། ཕ་མས་རྒྱུན་གཏན་ཕྲུ་གུར་སློབ་གསོ་གཏོང་སྐབས། མི་རྒན་པའི་ཁ་ལ་ཉོན་ཞེས་གསུངས་པས་ཕྲུ་གུའི་སེམས་སུ་མི་རྒན་པས་བཤད་པ་ཐམས་ཅད་འཇིག་རྟེན་དངོས་པོའི་གནས་ལུགས་དང་མཐུན་ལ། འཁྲུལ་གྱི་དྲི་མ་དང་བྲལ་བ་ཞིག་ཡིན་པའི་མྱོང་བ་སྐྱེ་རུ་བཅུག་ལ། ཐ་ན་མི་རྒན་པར་ནོར་འཁྲུལ་རྩ་བ་ནས་མེད་པ་ལྟ་བུའི་བག་ཆགས་ཤིག་ཕྲུ་གུའི་སེམས་སུ་རང་བཞིན་གྱིས་འཇགས་སུ་འཇུག་གི་ཡོད། མ་གཞི་མི་གཞན་ལ་བརྩི་བཀུར་དང་ཆ་འཇོག་བྱ་རྒྱུ་ནི་བོད་མི་རིགས་ཀྱི་སྲོལ་བཟང་ཞིག་ཡིན་ལ། ཕན་ཚུན་འབྲེལ་ལམ་འཛུགས་པའི་ཆ་རྐྱེན་ལེགས་པོ་ཞིག་ཡིན་མོད་ཀྱང་། ཐམས་ཅད་གཞན་གྱི་ཅི་ཟེར་ལ་ཉན་མཁན་ནི་ལེགས་ཉེས་བླང་དོར་གྱི་གནས་ལ་ཡོངས་སུ་རྨོངས་པའི་བླུན་པོ་མིན་ན་ཅི། དེ་ལྟར་ཁྱིམ་ཚང་སློབ་གསོའི་ཤུགས་རྐྱེན་འོག་ཕྲུ་གུ་ཚོས་གནད་དོན་གང་རུང་ཞིག་ལ་དོགས་སློང་དང་བདེན་རྫུན་དབྱེ་འབྱེད་ཀྱིས་རང་ལུགས་གསལ་སྟོན་བྱ་རྒྱུའི་གོ་སྐབས་ནི་དེ་བས་ཀྱང་ག་ལ་ཡོད། དེ་ཡང་དཔེར་ན། དུས་རྒྱུན་དུ་ཕ་མ་དང་དགེ་རྒན་ཚོས་ཕྲུ་གུར་གཏམ་ཅི་ཞིག་སྨྲས་རུང་། མཛུབ་མོ་དགུང་ལ་བཀེར་ཏེ་དགག་པ་རྒྱག་ཕོད་མཁན་མེད་ལ། ཐ་ན་དྲི་བ་ཙམ་ཡང་འདོན་མཁན་ཉུང་བའི་དོན་དངོས་དག་ལས་མི་རིགས་ཤིག་ལ་གསོན་ཉམས་མེད་པ་གསལ་བཤད་བྱས་ཡོད། དོགས་སློང་གི་ས་བོན་མེད་ན་འཚོལ་རྟོགས་ཀྱི་མྱུ་གུ་འབུད་མི་སྲིད་ལ། གསར་གཏོད་ཀྱི་མེ་ཏོག་ཀྱང་བཞད་མི་སྲིད་པས། མ་མཐར་ཡང་ཕྲུ་གུ་ཚོར་ལེགས་ཉེས་དབྱེ་འབྱེད་ཐུབ་པའི་ནུས་པ་དང་སྙིང་སྟོབས་ལྡན་རྒྱུར་ཁྲིད་སྟོན་གནང་དགོས། ཕྱོགས་མཚུངས་རང་རེའི་ཕྲུ་གུ་ཚོར་དགག་སྒྲུབ་ཀྱི་སྙིང་སྟོབས་མི་ལྡན་པའི་རྒྱུ་རྐྱེན་ཡང་ཁྱིམ་ཚང་སློབ་གསོའི་ཁྲོད་གནས་པའི་གནས་ཚུལ་མང་པོ་ལས་ངེས་ཤེས་རྙེད་ཐུབ་སྟེ། དཔེར་ན། ཕྲུ་གུས་མི་གཞན་གྱི་བྱེད་སྟངས་ལ་ལབ་གླེང་དང་དགག་སྒྲུབ་བྱེད་སྐབས་ཕ་མས་ལམ་སེང་བཀག་འགོག་བྱེད་ལ། མི་གཞན་ལ་ཐེ་ཇུས་བྱ་རྒྱུ་མེད་པ་དང་། མི་གཞན་ལ་ཁ་ལན་སློག་མི་ཉན་ཞེས་ཁ་ནས་མ་ཎི་བཞིན་བགྲང་སྟབས། ཕྲུ་གུའི་འགྲོ་འདུག་སྤྱོད་གསུམ་ལ་ཚད་བཀག་ཆེན་པོ་བཟོ་གི་ཡོད།

    དྲུག ཕྲུ་གུས་སྐྱོན་ཡོན་ལ་འཛིན་པའི་ལྟ་བ་ཡང་དག་གསོ་སྐྱོང་མི་ཐུབ་པ།

    གནམ་འོག་གི་སྐྱེས་བུ་སུ་འདྲ་ཞིག་ཡིན་རུང་སྐྱོན་དང་ནོར་འཁྲུལ་མེད་པ་ཞིག་ཡོད་མི་སྲིད་རུང་། སྐྱོན་དང་ནོར་འཁྲུལ་ལ་འཛིན་པའི་ལྟ་བ་མི་མཚུངས་ལ། ཕྲུ་གུར་དེ་འབྲེལ་གྱི་སློབ་གསོ་གཏོང་ཐབས་ཐད་ལའང་མི་འདྲ་བའི་གནས་མང་པོ་ཡོད། དེ་ཡང་བོད་མི་རིགས་ལ་མཚོན་ན། ཕྲུ་གུས་རྒྱུན་དུ་རང་གི་ནོར་འཁྲུལ་ལ་ངོས་འཛིན་གང་ཐུབ་ཀྱིས་སྒྱུར་བཅོས་བྱ་རྒྱུའི་སྐོར་ལ་སློབ་གསོ་གཏོང་བ་ཙམ་ལས། རང་ངོས་ཀྱི་དགེ་མཚན་ལྷུག་གླེང་དང་ཆེ་བསྟོད་ལ་བཀག་འགོག་ནན་པོ་བྱེད་ཀྱི་ཡོད་ལ། རང་བསྟོད་ལྟས་ངན་རེད་ཅེས་ཐ་ཤལ་གྱི་བྱེད་སྟངས་སུ་བརྩི་གི་ཡོད། འོན་ཀྱང་ཨ་རི་སོགས་སུ་དེ་ལས་ལྡོག་སྟེ་ཕྲུ་གུས་རང་གི་ཡོན་ཏན་གླེང་རྒྱུར་དགའ་པོ་བྱེད་ཀྱི་ཡོད་ལ། རང་གིས་རང་ལ་ཡིད་ཆེས་བྱེད་པའི་སློབ་གསོར་མཐོང་ཆེན་བྱེད་ཀྱི་ཡོད། གོང་གསལ་སློབ་གསོ་གཏོང་ཐབས་མི་འདྲ་བར་དམིགས་བསལ་གྱི་མཇུག་འབྲས་རེ་ཡོད་དེ། རང་རིགས་ཀྱི་སློབ་གསོ་གཏོང་ཐབས་འདིས་ཕྲུ་གུར་གཉོམ་ཆུང་བྱ་རྒྱུའི་ལྟ་བ་ཞིག་སྐྱེ་རུ་འཇུག་གི་ཡོད་ལ། ཨ་རི་སོགས་ཀྱི་སློབ་གསོ་གཏོང་ཐབས་དེས་ཕྲུ་གུར་རང་གིས་རང་ལ་ཡིད་ཆེས་ཀྱིས་རང་ཆེ་རང་མཐོའི་སྤོབས་པ་ཞིག་ངམ་ཤུགས་སུ་སྐྱེ་རུ་འཇུག་གི་ཡོད་རྐྱེན། འབྱུང་འགྱུར་མི་ཚེའི་ལམ་འཕྲང་དུའང་བྱེད་ལུགས་བྱེད་སྟངས་མི་མཚུངས་པ་རེ་ཐོན་རྒྱུ་ཧ་གོ་དོན་གསལ་རེད།

    གསུམ་པ། སྐྱོན་ཆ་དག་སེལ་བྱ་ཐབས།

    གཅིག བསམ་བློ་རྙིང་པའི་འཆིང་རྒྱ་ལས་གྲོལ་ནས་རང་ཉིད་ཀྱི་བུ་ཕྲུག་ལ་སློབ་གསོ་ཁྲིད་སྟོན་ཡང་དག་བྱེད་དགོས།

    དེ་ཡང་བོད་ལྗོངས་སུ་བྱང་ཚད་སློབ་གསོ་དར་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད་ཁྱིམ་ཚང་སློབ་གསོར་དམ་འཛིན་དམ་ཚགས་ཀྱིས། བྱང་ཚད་སློབ་གསོ་གཏོང་ཐབས་རང་ལྗོངས་སུ་ལག་བསྟར་དོན་འཁྱོལ་ཏན་ཏིག་ཐུབ་ཆེད། ཁྱིམ་བདག་སོ་སོས་ངེས་པར་དོན་གནད་དེར་སྣང་ཆེན་བྱས་ཏེ། ཁྱིམ་ཚང་སློབ་གསོས་སློབ་གྲྭ་དང་སྤྱི་ཚོགས་སློབ་གསོར་གཞོགས་འདེགས་ཧུར་ཐག་བྱ་རྒྱུ་དེ་ཡང་། དང་ཐོག་རང་གི་ཕྲུ་གུར་ཉམས་ཞིབ་ཀྱིས་རྒྱུས་མངའ་གཏིང་ཟབ་ལོན་པའི་རྨང་གཞིའི་ཐོག་རྔ་ལ་གཞིགས་པའི་འཆམ་བརྒྱབ་ན། གཞི་ནས་རེ་བའི་མེ་ཏོག་ལ་དོན་ལྡན་གྱི་འབྲས་བཟང་སྨིན་ཐུབ་ཁར། ཕྲུ་གུ་སོ་སོར་ཡང་རང་ངོས་ཀྱི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། དེ་བཞིན་རིན་ཐང་གིས་ལྟ་བ་ཞིག་ཆགས་ཐུབ། གཉིས་ནས་བསམ་བློ་རྣལ་དུ་ཕབ་སྟེ་ཕྲུ་གུའི་མ་འོངས་ཀྱི་མདུན་ལམ་ལ་བསམ་གཞིག་བྱས་ནས་ལམ་འཕྲང་ཆུ་དང་བསྟུན་ཏེ་བརྒྱུད་ལུགས་གནང་རྒྱུ་མ་མཉེས་པ་གནང་དགོས། གསུམ་ནས་ཁྱིམ་བདག་དང་ཕ་མ་ཚོས་ཞིམ་པོ་སྟེར་སྟེར་དང་། འཇམ་པོ་གཡོག་གཡོག་བཞག་སྟེ་ཕྲུ་གུའི་མི་གཤིས་ལ་བརྩི་འཇོག་དང་སྣེ་ཁྲིད་ཀྱིས་ཁོ་ཚོའི་རང་མཁོ་རང་སྒྲུབ་ཀྱི་འཇོན་ཐང་གསོ་སྐྱོང་གནང་རྒྱུ་ནི་ཕྲུ་གུ་ཚང་མའི་སྙིང་ཁོང་ནས་འཕྱུར་བའི་ཟོལ་མེད་ཀྱི་གཏམ་ཞིག་ཡིན་པས་སྣང་ཆེན་བྱ་དགོས།

    གཉིས། བསམ་བློ་རྙིང་པའི་འཆིང་རྒྱ་ལས་གྲོལ་ཏེ་དེང་དུས་སྔོན་ཐོན་སློབ་གསོ་དར་སྤེལ་གཏོང་དགོས།

    ང་ཚོས་མིག་རྒྱང་རིང་དུ་བསྲིངས་ཏེ་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཕ་མ་ཚོས་རང་གི་ཕྲུ་གུར་སློབ་གསོ་ཇི་ལྟར་གཏོང་མིན་སྐོར་ལ་རྒྱུས་མངའ་ཅུང་ཟད་ལོན་ན། མ་མཐར་ཡང་ངལ་བ་འབྲས་མེད་དུ་འགྱུར་མི་སྲིད་སྙམ་སྟེ། ཁོ་ཚོའི་ཕྲུ་གུས་དོན་ཅི་ཞིག་བཀའ་འདྲི་ཞུས་རུང་། ཕ་མས་ཐབས་མཁས་རྣམ་པ་སྣ་ཚོཊ་ལ་བརྟེན་ཏེ་ཆེས་ཁ་གསལ་ཞིང་གོ་བདེ་བའི་ལན་ཞིག་འདེབས་འདོད་བྱེད་ལ། ཅ་དངོས་འདྲ་མིན་ཕྲུ་གུར་ཆེད་མངགས་མཁོ་འདོན་བྱས་ཏེ་ཉམས་ཞིབ་བྱེད་དུ་འཇུག་པ་དང་། ཆག་སྐྱོན་བྱུང་རུང་བཀའ་བཀྱོན་རྩ་བ་ནས་གནང་གི་མེད། དེ་ལྟར་ཕྲུ་གུར་རང་དབང་གི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་་བྱས་པས། ཁོ་ཚོའི་བསམ་བློའི་འཁོར་རྒྱ་རང་བཞིན་གྱིས་ཆེ་རུ་སོང་སྟབས། འབྱུང་འགྱུར་ཡོན་ཏན་ཅན་ཞིག་ཆགས་རྒྱུར་མཐུན་རྐྱེན་བཟང་པོ་བསྐྲུན་ཐུབ། དེས་ན་ང་ཚོས་སྲོལ་རྒྱུན་གྱི་སློབ་གསོའི་བཀག་རྒྱ་ལས་གྲོལ་ཏེ། སྔོན་ཐོན་མི་རིགས་ཀྱི་ཡར་ཐོན་བསམ་བློ་དང་བྱ་ཐབས་ནང་འདྲེན་གྱིས། རང་རིགས་འཕེལ་རྒྱས་ཆེད་གཡས་གཞོགས་གཡོན་འདེགས་དང་འཕྱར་བ་གྲུ་འདེགས་ཀྱིས་ཕྲུ་གུའི་མདུན་ལམ་དང་། མི་རིགས་ཀྱི་ཁེ་ཕན། དེ་བཞིན་རྒྱལ་ཁབ་ཀྱི་དར་རྒྱས་ལ་འབད་འཐབ་གནང་རྒྱུ་ནི་ང་ཚོའི་བླ་ན་མེད་པའི་ལས་འགན་ཞིག་ཡིན་པ་སེམས་སུ་ངེས་དགོས། དེ་བཞིན་ཕྲུ་གུར་ཕྱི་རོལ་ཡུལ་གྱི་བྱ་དངོས་ཤེས་རྟོགས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ནས། བསམ་བློ་རྙིང་པའི་འཆིང་རྒྱ་ལས་གྲོལ་ཏེ། ཚན་རྩལ་དང་ཤེས་རིག་ལ་དད་ཞེན་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱེད་དགོས།

    གསུམ། མི་རིགས་གཞན་གྱི་བྱང་ཚད་སློབ་གསོའི་དགེ་མཚན་འཚོལ་བསྡུ་་་་དང་དར་སྤེལ་སྤེལ་གཏོང་དགོས།

    དབྱིན་ཇིའི་བསམ་བློ་མཁས་ཅན་དང་སློབ་གསོ་མཁས་ཅན་སི་པིན་སའེ་ཡིས། ཕྲུ་གུར་སློབ་གསོ་ལེགས་པོ་གཏོང་དགོས་ན། དང་ཐོག་ཕ་མར་སློབ་གསོ་ཡག་པོ་ཐེབས་དགོས་ཞེས་གསུངས་པ་ལྟར། དང་ཐོག་རང་རེའི་ཁྱིམ་བདག་དང་ཕ་མ་ཚོས་སྲོལ་རྒྱུན་གྱི་ལྟ་བའི་མཁར་རྫོང་བཤིག་སྟེ་དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་མི་རབས་རྗེས་མ་གསོ་སྐྱོང་བྱ་སྐབས་གཞན་གྱི་ལེགས་ཆ་རྣ་བའི་བཅུད་དུ་འཛིན་ཏེ་དང་ལེན་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ་སྙམ།

    མདོར་ན། གོང་དུ་ཁོ་མོས་རང་ལྗོངས་སུ་བྱང་ཚད་སློབ་གསོ་དར་སྤེལ་གཏོང་བའི་དུས་སྐབས་སུ་ཁྱིམ་ཚང་སློབ་གསོར་དམ་འཛིན་བྱ་རྒྱུའི་གལ་འགངས་རང་བཞིན་དང་། དེང་སྐབས་ཁྱིམ་ཚང་སློབ་གསོའི་ཁྲོད་གནས་པའི་སྐྱོན་ཆ་ཁག་གསེད་དཀྲོལ་གྱིས། དེས་བྱང་ཚད་སློབ་གསོར་ཐེབས་པའི་ཤུགས་རྐྱེན་སྐོར་ལ་རང་ངོས་ཀྱི་འདོད་ཚུལ་ལྷུག་གླེང་བྱེད་ཁུལ་ལགས་ཀྱང། རང་ཉིད་གང་ཅིར་བློ་དམན་པའི་སྟབས་ཀྱིས་རྩོམ་འདིའི་ནང་སྐྱོན་དང་ནོར་འཁྲུལ་ཅི་རིགས་པ་ཞིག་གནས་ཡོད་པ་གདོན་མི་ཟ་བས། ལུགས་འདིར་གཟི༾་སྤྱན་ཡངས་པའི་རིག་པའི་དཔའ་བོ་དང་མཁས་དབང་རྣམ་པས་སྐྱོན་སེལ་དགེ་འཕེལ་ལ་སྨན་པའི་དགོངས་འཆར་ལྷུག་སྩོལ་གནང་རྒྱུའི་རེ་བ་སྙིང་དབུས་ནས་ཞུ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།