2012ལོ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས“བཟོ་ལས་སྟོབས་ཆེར་བཏང་ནས་གྲོང་ཁྱེར་དར་བ་བྱེད་པ་དང་། ཤར་ནུབ་འཕེལ་རྒྱས་གཏོང་བ། རྟེན་གཞི་གཏོད་པ། རྨང་གཞི་གསུམ་བརྟན་དུ་གཏོང་བ”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་པ་དང་། “ནུབ་གློག་ཤར་འདྲེན”གྱི་རྒྱུན་མཐུད་ནུས་རྒྱུ་རྟེན་གཞི་མགྱོགས་སུ་གཏོང་བ། རྒྱལ་མོ་རྔུལ་ཆུ་དང་། རྫ་ཆུ། འབྲི་ཆུ་བཅས་ཆུ་གློག་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་པས་མ་འཇོག་བྱེད་ཤུགས་ཆེ་བ་དང་སྐུལ་འདེད་གོམ་སྟབས་མགྱོགས་པའི་རྣམ་པ་བཟང་པོ་ཐོན་ཡོད།
སྒྲིག་གཞི་སྔར་བས་འཐུས་ཚང་དུ་གཏོང་ཆེད་ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ཁུངས་གསར་སྤེལ་འཛུགས་སྐྲུན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་ནས་གྲོང་ཁྱེར་གྱི་ནུས་རྒྱུ་གཞུང་དོན་ཁང་དང་ཐོན་ཁུངས་གསར་སྤེལ་ཅུས་མི་སྣའི་སྟོབས་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་ཞིབ་བཤེར་ཆོག་མཆན་དང་། གནས་སྤོ་བཀོད་སྒྲིག མཐུན་སྦྱོར་ཞབས་ཞུ་སོགས་ལས་དོན་ལ་སྒྲིག་གཞིའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་རྫོང་རིམ་པའི་སྲིད་གཞུང་གི་སྤྱི་ཡོངས་ཀྱི་འདུ་ཤེས་དང་། འདུ་ཤེས་གཙོ་བོ། འགན་འཁྲིའི་འདུ་ཤེས། ཞབས་ཞུའི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་ཆུ་གློག་གསར་སྤེལ་ཁྲོད་ཀྱི་རྫོང(ཆུས)ཁག་གི་འགན་འཁྲི་དང་འོས་འགན་ཆེ་རུ་གཏོང་བ་དང་། སྲིད་འཛིན་ཕན་ནུས་ཆེ་རུ་ཤུགས་ཆེན་གཏོང་བ། ཞབས་ཞུའི་གཟུགས་བརྙན་ལེགས་སུ་གཏོང་བ་བཅས་བྱས་ནས་ཆུ་གློག་གསར་སྤེལ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས“དམིགས་བཀར་གསུམ་དང་། འགག་སྒྲོལ་གསུམ། ཕན་འབྲས་གསུམ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས“གཙང་གསུམ”ཆུ་གློག་ཐོན་ཁུངས་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་དང་ཆུའི་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་བདེ་འཇགས་འགན་ལེན་བྱས་ཡོད། ཆུ་གློག་གསར་སྤེལ་རྣམ་གྲངས་འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ་དང་། ཁོར་ཡུག་ལེགས་གྱུར་དང་འཕེལ་རྒྱས་གཏོང་བའི་ཡིག་ཆ་རབ་དང་རིམ་པ་བཟོ་བ། བཙན་ཤེད་ཀྱིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ནང་ཞུགས་སུ་བཅུག་པ་དང་། ཟོག་གོང་ཧམ་སྤོར་བྱེད་པ། ཧར་གོང་རྒྱག་པ་སོགས་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་རྦད་དེ་བཅོས་སྒྲིག་དང་། ལྷག་དོན་དུ་ཆོས་ལུགས་དང་ཁོར་ཡུག་སྲུང་སྐྱོང་གི་དར་རྟགས་འཕྱར་བ་དང“གནས་རི་དང་གནས་མཚོ”སྲུང་སྐྱོང་གི་མིང་ཐོག་ནས་ཆུ་གློག་ཐོན་ཁུངས་གསར་སྤེལ་དང་རྣམ་གྲངས་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད། མཐུན་སྦྱོར་ལམ་སྲོལ་བཙུགས་ནས་ལས་གྲྭའི་འཕེལ་རིམ་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་དང་ལས་གྲྭར་འགོག་རྐྱེན་བཟོ་བའི་སྣང་ཚུལ་ལ་དམིགས་ནས་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ་དང་། རིགས་དབྱེའི་ཐག་གཅོད། འགལ་བ་སེལ་བ། གནད་དོན་ཐག་གཅོད་བཅས་བྱས་ཡོད། རྣམ་གྲངས་སྤེལ་སའི་ཁུལ་གྱི་མང་ཚོགས་ཀྱི་ལས་ཞུགས་དང་སྐྱེལ་འདྲེན་གྱི་རྒྱུ་ཆའི་རིན་གོང་སོགས་ཐད་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཏོན་ནས་དམངས་འཚོ་ལེགས་གཏོང་དང་མང་ཚོགས་འབབ་འཕར་ཡོང་བ་བྱས་ཡོད།
ཁེ་ལས་ཀྱིས་མ་འཇོག་བྱེད་ཤུགས་མི་འདང་བ་དང་མཐོང་ཆེན་བྱེད་ཤུགས་མི་འདང་བ་ལས་ཆུ་གློག་གསར་སྤེལ་གྱི་འཛུགས་སྐྲུན་འཕེལ་རིམ་ལ་ཤུགས་རྐྱེན་བཟོ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཆབ་མདོ་གྲོང་ཁྱེར་གྱིས་ཆུ་གློག་གསར་སྤེལ་ཁེ་ལས་ཁག་དང་མཉམ་དུ་ལོ་འཁོར་གྱི་དམིགས་ཚད་ལས་འགན་བཟོ་བ་དང་། འཆར་འགོད་བཟོ་བ། མ་འཇོག་བྱེད་པ། འཕེལ་རིམ་བཟོ་བ། དམིགས་ཚད་བཟོ་བ། འགན་འཁྲི་བཟོ་བ་བཅས་བྱེད་པ་དང་། ཁེ་ལས་འགོ་ཁྲིད་དང་ཁ་ཆད་གྲོས་མོལ་བྱེད་པ་དང་། ཁེ་ལས་ལ་ཡི་གེ་གཏོང་བ། ཁེ་ལས་ཀྱི་བསམ་འཆར་ལ་ལན་སློག་པ། སྒྲིག་གཞི་བཙུགས་ནས་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པ། ལོ་འཁོར་གྱི་མ་འཇོག་དང་། ཞིབ་ཕྲའི་ལས་འགན། འཕེལ་རིམ་གོ་རིམ་སོགས་ཀྱི་བླང་བྱ་ཞིབ་ཕྲ་བཟོ་བ། དཔྱད་ཞིབ་དང་ཞིབ་བཤེར་གྱི་གཞི་འཛིན་ས་དང་ལོ་འཁོར་གྱི་ཞིབ་བཤེར་ལས་འགན་བླང་བྱ་ལྟར་གསར་སྤེལ་དོ་བདག་གིས་ལེགས་སྒྲུབ་གནས་ཚུལ་ལ་དཔྱད་ཞིབ་བྱས་ནས་གསར་སྤེལ་ཁེ་ལས་ཀྱི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད། 2012ལོར་ཆབ་མདོའི་ཆུ་གློག་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར་50.67བཏང་བ་ནི་ལོ་9ལེགས་སྒྲུབ་ཟིན་པའི་ལྡབ་4.73ཡིན་པ་རེད།
གྲོང་ཁྱེར་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་འབྲི་ཆུའི་བཤོལ་བ་ལ་གློག་ཁང་གི་མི་སེར་གནས་སྤོས་འཆར་འགོད་རྩ་གནད་དང་། རྫ་ཆུའི་རོང་མེ་གློག་ཁང་གི་མི་འབོར་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་གནས་ཀྱི་འཆར་འགོད་སྙན་ཞུ་སོགས་ཀྱི་ཞིབ་དཔྱད་ཚོགས་འདུ་འཚོགས་ནས་གློག་ཁང་གི་ཞིབ་དཔྱད་གོང་ཞུ་དང་ཞིབ་མཆན་འགོད་པའི་དུས་ཚོད་ཐུང་དུ་བཏང་པ་མ་ཟད། དུས་གོང་གི་ལས་དོན་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། སྡེ་བདག་དང་ས་གནས་དེ་གའི་སྲིད་གཞུང་དབར་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཆུ་གློག་གསར་སྤེལ་མཐུན་སྦྱོར་ལམ་སྲོལ་བཙུགས་པའི་ལམ་ལུགས་ཀྱིས་ཁེ་ལས་མགྱོགས་མྱུར་གསར་སྤེལ་བྱེད་པའི་ལས་ཆོད་ཚོད་འཛིན་བྱས་ཏེ་ཆུ་གློག་གསར་སྤེལ་དུས་གོང་གི་ལས་དོན་དང་འཛུགས་སྐྲུན་འཕེལ་རིམ་ཁྲོད་ཐོན་པའི་འབྲེལ་ཡོད་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད། རྣམ་གྲངས་ཁུལ་གྱི་མང་ཚོགས་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན་གྱི་འཕེལ་རིམ་ནང་མང་ཚོགས་ཀྱི་ཁེ་ཕན་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་ལ་དམིགས་ཏེ་དུས་ཐོག་ཏུ་རྣམ་གྲངས་སྤེལ་ཁུལ་གྱི་སྲིད་གཞུང་དང་སྡེ་བདག་དང་འབྲེལ་བ་བྱས་པ་མ་ཟད། དུས་ཐོག་ཏུ་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་པ་རེད།
མིག་སྔར། འཆར་འགོད་གློག་ཁང་ཚང་མ་དུས་གོང་འཆར་འགོད་ཀྱི་དུས་མཚམས་སུ་སླེབས་ཤིང་། དེའི་ནང་གློག་ཁང་18ཀྱི་ཞིབ་འཇུག་ཆོག་པའི་འཆར་གཞི་རྩོམ་བཟོ་དང་། གློག་ཁང་12ཀྱི་ཞིབ་འཇུག་ཆོག་པའི་ཞིབ་དཔྱད་ལེགས་གྲུབ་བྱུང་བ་དང་། གློག་ཁང་10ཡིས་ཞིབ་འཇུག་ཆོག་པའི་ལས་དོན་སྤེལ་བཞིན་ཡོད་པ་རེད། མགོ་ཏོག་དང་འབྱོར་པ་གློག་ཁང་སྐྲུན་པའི་དུས་མཚམས་སུ་སླེབས་པ་དང་། སྔོན་རྩིས་བྱས་ན། 2015ལོའི་ལོ་མཇུག་ཏུ་འཕྲུལ་ཙུའུ་དང་པོ་ནས་གློག་གཏོང་རྒྱུ་ཡིན་པ་རེད། རོང་མེ་དང་ཀུའུ་ཆུ་ཤུགས་གློག་ཁང་གི་ཞིབ་འཇུག་ཆོག་པའི་སྙན་ཞུ་དེ་ཆུ་བེད་པུའི་ཆུ་བེད་དང་ཆུ་ཤུགས་འཆར་འགོད་སྤྱི་ཁྱབ་ཁང་གིས་ཞིབ་དཔྱད་བྱས་ཟིན་པ་དང་འབྲེལ། དུས་གོང་ལས་དོན་སྤེལ་རྒྱུའི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་མཆན་འགོད་བཀའ་ལན་ཐོབ་ནས་ཞིབ་འཇུག་ཆོག་པའི་དུས་མཚམས་ཀྱི་ལས་དོན་ཁྱོན་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་སྤེལ་བཞིན་ཡོད་པ་རེད། ཚེ་དགའ་དང་། ཡོལ་ལ། དགུ་བཞི་བཅས་གློག་ཁང་གི་ཞིབ་འཇུག་ཆོག་པའི་སྙན་ཞུ་དེ་ཆུ་བེད་པུའི་ཆུ་བེད་དང་ཆུ་ཤུགས་འཆར་འགོད་སྤྱི་ཁྱབ་ཁང་གིས་ཞིབ་དཔྱད་བྱས་ཟིན། བཤོལ་བ་ལ་གློག་ཁང་གི་མི་འབོར་གནས་སྤོའི་བཀོད་སྒྲིག་འཆར་འགོད་ལ་ཞིབ་དཔྱད་བྱས་ཟིན་པ་མ་ཟད། ཞིབ་འཇུག་ཆོག་པའི་སྙན་ཞུར་ནང་ཁུལ་གྱི་ཞིབ་དཔྱད་བྱས་ཟིན་པ་དང་སྔོན་རྩིས་བྱས་ན་2015ལོའི་ལོ་མཇུག་ཏུ་ལས་འགོ་འཛུགས་རྒྱུའི་ཆོག་མཆན་ཐོབ་རྒྱུ་ཡིན་པ་རེད།
བོད་ཤར་རྒྱུད་ཀྱི་ཆུ་གློག་ཐོན་ཁུངས་གསར་སྤེལ་ལ་རྒྱུན་ཆད་མེད་པར་སྐུལ་མ་ཐེབས་པ་དང་དུས་མཚུངས་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་བོད་ཤར་རྒྱུད་ཀྱིས་ཕྱིར་གློག་གཏོང་བྱེད་པའི་ཐད་གློག་ཤུགས་ཀྱི་མཁའ་ལམ་ཞིག་བཏོད་པ་མ་ཟད། ཆབ་མདོའི“ནུབ་གློག་ཤར་གཏོང”གི་ནུས་རྒྱུའི་རྟེན་གཞིའི་གནས་བབ་ཆེ་རུ་བཏང་ཡོད་པ་རེད།