དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ཆུ་གློག་གསར་སྤེལ་བྱ་རྒྱུ་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པ་ཞིག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཡན་ཏང་ཨེན།   |     སྤེལ་དུས།  2015-07-17

    བོད་ཤར་རྒྱུད་ས་ཁུལ་ནི་རང་རྒྱལ་གྱི་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཞིག་རེད་ལ་སྣོད་བཅུད་ནུས་པ་གལ་ཆེ་བ་དང་། དངོས་རིགས་ཕུན་སུམ་ཚོགས་པ། ས་གཤིས་ཆ་རྐྱེན་ཞན་པ་བཅས་ཀྱི་ས་ཁུལ་ཞིག་ཀྱང་རེད། “གཙང་གསུམ”རྒྱུག་ཁུལ་གྱི་ཕུན་སུམ་ཚོགས་པའི་ཆུ་ནུས་ཐོན་ཁུངས་གསར་སྤེལ་བྱེད་པའི་ཁྲོད་ངོས་འཛིན་མཐོར་གཏོང་དང་ཁྲིམས་ལུགས་འཐུས་ཚང་དང་། སྤྱི་འདོམས་ལྟ་རྟོག་དང་འཆར་འགོད་ལུགས་མཐུན། ཚན་རིག་དང་མཐུན་པའི་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན་བཅས་བྱས་ཏེ་མི་སེར་གནས་སྤོ་བཀོད་སྒྲིག་ཡག་པོ་བྱེད་དགོས།

    ཆུ་གློག་འཛུགས་སྐྲུན་གྱི་འཆར་འགོད་ཐད་ཐོན་ཁུངས་གསར་སྤེལ་བཀོད་སྒྲིག་དང་། གཞི་ཁྱོན། གྲུབ་ཆ། བྱེད་ཐབས། གསར་སྤེལ་གྱི་དུས་ཚོད་དང་གོ་རིམ་སོགས་ལག་རྩལ་དཔལ་འབྱོར་གསར་སྤེལ་གྱི་ཆ་རྐྱེན་ལ་སྣང་ཆེན་བྱེད་དགོས་པ་མ་ཟད། ད་དུང་ཆུ་རྒྱུག་ཁུལ་དང་ས་ཁོངས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་འཛུགས་སྐྱོང་གི་དགོས་མཁོར་བསམ་བློ་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་དགོས་ངེས་ཀྱི་ཆུ་བོའི་དུམ་བུ་དང་ཆུ་མང་ཉུང་གི་ཚད་གཞི་འཇོག་དགོས་པ་དང་། འཐུས་ཚང་ངང་ཆུ་བོ་དང་ཆུ་གློག་གི་འགུལ་ནུས་དཔལ་འབྱོར་འཆར་འགོད་བྱས་ཏེ་གློག་ཁང་གཅིག་སྐྲུན་ནས་ཁུལ་གཅིག་གི་ས་ཆུ་འགན་ལེན་དང་། ཁུལ་གཅིག་གི་དཔལ་འབྱོར་ལ་སྐུལ་མ་གཏོང་བ། ཁུལ་གཅིག་གི་མི་སེར་ཕྱུག་པོ་ཡོང་བ་བཅས་བྱེད་དགོས། གློག་ཁང་འཛུགས་སྐྲུན་གྱི་ཁོར་ཡུག་སྲུང་སྐྱོང་དང་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག་འཆར་འགོད་དང་། ཨར་ལས། ཐོན་སྐྱེད་དང་བེད་སྤྱོད་བཅས་མཉམ་དུ་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཆུའི་སྐྲུན་དངོས་ཀྱི་ཡོམ་འགོག་ཇུས་འགོད་ཡག་པོ་བྱེད་དགོས།

    ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱས་ཏེ་སྤུས་ཚད་བདེ་འཇགས་ལ་སྣང་ཆེན་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན། གནས་སྤོའི་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆེན། ནུས་རྒྱུའི་ཐོན་ཁུངས་གྲོན་ཆུང་ལ་སྣང་ཆེན་བཅས་བྱས་ཏེ་ལྗང་མདོག་བཟོ་ཁུལ་ཧུར་ཐག་གཏོད་དེ་ཆུ་གློག་གསར་སྤེལ་དེ་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱེད་དགོས། ཨར་ལས་མ་བྱས་གོང་དུས་མཚམས་ཚང་མས་ཁོར་ཡུག་ལ་བཟོ་སྲིད་པའི་ཤུགས་རྐྱེན་ལ་བསམ་གཞིག་བྱས་ཏེ་དེ་མཚུངས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་བཟོ་དགོས་པ་དང་། ཕྱོགས་ཚང་མའི་ཐད་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་དགོས། ཨར་ལས་བྱེད་རིང་ཆུ་དང་སྐྱེ་དངོས་སོགས་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་དགོས། མི་སེར་གནས་སྤོའི་འཆར་འགོད་དེ་ལས་གྲྭ་འཛུགས་སྐྲུན་དང་གལ་ཆེ་མཉམ་གྱི་གནས་བབ་ཐོག་བཞག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི《ཆུ་མཛོད་ཆེ་འབྲིང་ཁུལ་གྱི་གནས་སྤོས་མི་སེར་གྱི་དུས་མཇུག་གི་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《ཆུ་བེད་དང་ཆུ་གློག་ལས་གྲྭ་ཆེ་འབྲིང་འཛུགས་སྐྲུན་གྱི་ས་ཞིང་བསྡུ་སྤྱོད་ཀྱི་ཁ་གསབ་དང་གནས་སྤོས་མི་སེར་བཀོད་སྒྲིག་སྲོལ་ཡིག》དོན་འཁྱོལ་ཡག་པོ་བྱས་ཏེ“གནས་སྤོ་བྱེད་ཐུབ་པ་དང་། གཞིས་ཆགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པ”བཅས་དངོས་འབྲེལ་བྱེད་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།