ལེ་ཚན་གཏོད་པའི་གཏམ།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་རྒྱལ་ཁབ་ཀྱི་པུའུ་ཨུད་དང་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་བོད་སྐྱོར་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་དཔལ་འབྱོར་བོད་སྐྱོར་དང་། སློབ་གསོའི་བོད་སྐྱོར། ལས་ཞུགས་བོད་སྐྱོར། ཤེས་ལྡན་ལས་བྱེད་པའི་བོད་སྐྱོར་བཅས་ལག་ལེན་ཤུགས་ཆེན་བསྟར་བས་རྣམ་གྲངས་དང་མ་དངུལ་དེ་ཞིང་འབྲོག་ཁུལ་དང་དམངས་འཚོར་ཕྱོགས་ནས་ཁྱོན་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་རྣམ་པ་ཞིག་སྔར་བས་འཐུས་སྒོ་ཚང་དུ་སོང་ཡོད། རང་ལྗོངས་ཀྱི་འཐབ་ཕྱོགས་ཁག་ཏུ་བོད་སྐྱོར་ལས་བྱེད་པས་དཀའ་སྤྱད་འབད་འཐབ་བྱེད་པའི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་བྱ་ཆེད་འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང《རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བ་སྟེ། བོད་སྐྱོར་གཏམ་རྒྱུད》ཅེས་པའི་ཆེད་བསྒྲིགས་ལེ་ཚན་འདོན་རྒྱུ་ཡིན་པས་དགོངས་འཇགས་འཚལ།
“སྔོན་ཆད་སྨན་ཁང་གི་ཆ་རྐྱེན་ཧ་ཅང་ཞན་པོ་ཡིན། ལག་རྩལ་བཟང་བའི་སྨན་པ་ཚང་མ་ཐོན་ནས་ནད་ལྟ་ཐུབ་མཁན་གྱི་སྨན་པ་འགའ་ལས་མེད་པ་དང་སྨན་ཁང་ནས་བྲིས་པའི་སྨན་ཤོག་གི་སྨན་60%ནད་པས་ཕྱི་ནས་ཉོ་དགོས་ཀྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལས་ཀ་བྱས་ནས་ལོ་20སོང་བ་དང་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་ཚང་མ་དང་འབྲེལ་བ་བྱེད་མྱོང་ཡོད་པའི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་།
“ནད་རྐྱེན་ཤེས་ཚེ་གཞི་ནས་སྨན་བཅོས་བྱེད་ཐུབ”2012ལོའི་ཟླ་9པར་ཅང་སུའུ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཁྲེན་ཝུའེ་ཁྲང་བོད་དུ་སླེབས་རྗེས་ཁོང་གིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོའན་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་ཁུར་ཞིང་། “ཡོའན་ཀྲང་ཁྲེན་ཝུའེ་ཁྲང་སླེབས་རྗེས་བརྟག་དཔྱད་བྱས་ནས་རྒྱུ་རྐྱེན་དང་ཐབས་ལམ་འཚོལ་ཞིབ་དང་། རིགས་གཅིག་མཁས་ཅན་གདན་དྲངས་ནས་གསོ་སྦྱོང་བྱས་པ་མ་ཟད་སྨན་བཅོས་སྒྲིག་ཆས་ཀྱི་རོགས་སྐྱོར་ཡོང་བའི་འབྲེལ་གཏུག་ཀྱང་བྱས་པ་སོགས་སྨན་ཁང་གི་འཕེལ་རྒྱས་ཐོག་སེམས་ནུས་བཏོན་ཡོད”བོད་སྐྱོར་ལས་བྱེད་པ་ཁྲེན་ཝུའེ་ཁྲང་གི་སྐོར་གླེང་སྐབས་ཚེ་རིང་དོན་གྲུབ་ཀྱིས་སེམས་འགུལ་ཐེབས་བཞིན་དུ“ཡོའན་ཀྲང་ཁྲེན་ཝུའེ་ཁྲང་གིས་ལས་དོན་ཏན་ཏིག་བསྒྲུབས་པ་དང་ཁོང་གི་སྣེ་ཁྲིད་འོག་སྨན་ཁང་ལ་སྒྱུར་བཅོས་རབ་དང་རིམ་པ་བྱས་ནས་ལས་བྱེད་ལས་བཟོའི་བསམ་བློའི་ངོས་འཛིན་ལེགས་སུ་ཕྱིན་ཏེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་རྗེས་ལུས་རྣམ་པར་འགྱུར་ལྡོག་བྱུང་ཡོད”ཅེས་ཡང་ཡང་བརྗོད་ཀྱི་འདུག
“ལོ་གཅིག་རིང་ང་ཚོས་ཁ་པ་རིམ་པ་གསུམ་པའི་ཚད་ལྡན་སྨན་ཁང་ལ་བསྒྱུར་རྒྱུའི་འབད་བརྩོན་བྱེད་དགོས”ཞེས་ཁྲེན་ཝུའེ་ཁྲང་གིས་བོད་སྐྱོར་གྱི་ཐོག་མར་ཁས་ལེན་གཟབ་ནན་བྱས་ཡོད། “སྨན་ཁང་གི་འབྲེལ་ཡོད་ཁོའོ་དང་ཚན་པའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱས་རྗེས་ཁྲེན་ཝུའེ་ཁྲང་གིས་ང་ཚོའི་སྨན་ཁང་གི་ལས་བྱེད་ལས་བཟོ་ཡོངས་ཀྱི་སྣེ་ཁྲིད་དེ་ཁ་པ་རིམ་པ་གསུམ་པའི་སྨན་ཁང་གཏོད་པའི་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་འགོ་ཚུགས་ཡོད”ཅེས་ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར་བརྗོད་བྱུང་།
དེའི་རིང་ཁྲེན་ཝུའེ་ཁྲང་གི་འདོད་དོན་ཁས་ལེན་ལ་ཅང་སུའུ་ཞིང་ཆེན་བོད་སྐྱོར་གྱི་མདུན་ཕྱོགས་བཀོད་འདོམས་པུའི་འགོ་ཁྲིད་དང་ཅང་སུའུ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་དོ་ཁུར་དང་རྒྱབ་སྐྱོར་ཐོབ་ཡོད་པས་ཁྲེན་ཝུའེ་ཁྲང་གི་ལས་དོན་སྒྲུབ་སེམས་ཀྱང་སྔར་བས་ཆེ་རུ་སོང་ཡོད། “ང་དང་སྨན་ཁང་གི་འགོ་ཁྲིད་ཚན་ཁག་གིས་སྨན་ཁང་གི་ཚན་པའི་རིམ་པ་གཉིས་པའི་འགན་འཁྲིའི་ལམ་ལུགས་སྔར་བས་བཟོས་ཏེ་ཚན་པའི་ཀྲུའུ་རེན་ནི་གནས་སའི་ཚན་ཁག་གོང་འཕེལ་གཏོང་མཁན་འགན་འཁུར་བ་ཨང་དང་པོ་ཡིན་པ་ཁ་གསལ་བཟོས་ནས་ནད་ཐོག་ལས་སྒོའི་ཚན་པས་ལྷ་སའི་དོན་དངོས་གཞིར་བཟུང་ཅང་སུའུ་དང་པེ་ཅིང་འཕྲོད་བསྟེན་བོད་སྐྱོར་མི་སྣ་གང་ལེགས་སྤྱད་དེ་ལག་རྩལ་གསར་པ་དང་བཅོས་ཐབས་གསར་པ་སྤྱོད་དགོས་པའི་ལྕག་སྐུལ་བཏང་ཡོད”ཅེས་ཁྲེན་ཝུའེ་ཁྲང་གིས་གསར་འགོད་པར་བརྗོད་ཅིང་། ཁོང་གིས་2014ལོར་སྨན་ཁང་དུ་ལག་རྩལ་གསར་པ་སྤྱོད་པ་དང་མྱུར་སྐྱོབ་ཆེན་པོ་བྱེད་པའི་གྲུབ་འབྲས་ལ་ལྕག་སྐུལ་གཏོང་བའི་ལམ་སྲོལ་བཙུགས་ཡོད། ཟླ་རེར་སྲིད་འཛིན་གྱི་ནད་ཁང་སྐོར་ཞིབ་ཐེངས་རེ་བྱས་ནས་རིམ་པ་གསུམ་པའི་སྨན་ཁང་གི་སྨན་བཅོས་ནི་ལྟེ་བའི་ལམ་ལུགས་ཡིན་པར་ལྟ་སྐུལ་དང་དོན་འཁྱོལ་བྱས་ཏེ་སྨན་ཁང་གི“བཟང་པོ་གསུམ་དང་བློ་ཡིད་ཚིམ་པ་གཅིག”གི་བྱེད་སྒོ་སྤེལ་ནས་སྨན་ཁང་གི་སྤུས་ཚད་དང་སྨན་བཅོས་བདེ་འཇགས་ལ་ཤུགས་སྣོན་རྒྱག་གི་ཡོད་ཅེས་བརྗོད་བྱུང་།
ཁྲེན་ཝུའེ་ཁྲང་གིས་བསྒྲུབ་རྒྱུ་ཁས་ལེན་བྱས་པ་སྟོང་བཤད་མིན་པར་ཐོག་མཐའ་བར་གསུམ་དུ་འཛུགས་གཏོད་ཀྱི་འཐབ་ས་དང་པོའི་ཐོག་ནས་ཚད་གཞི་བསྡུར་བ་དང་དཔྱད་གཞི་གསེད་བཀྲོལ་བྱས་ནས་སྨན་ཁང་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བར་དམིགས་ཏེ་སྨན་ཁང་དོ་དམ་གྱི་ལམ་ལུགས་ཁག་100ཙམ་འཐུས་ཚང་ལེགས་སྒྲིག་དང་བཟོ་བཅོས་བརྒྱབ་ཁར་ལས་དུས་འཕར་མ་བྱས་ནས་ཚན་པ་ཁག་ཏུ་བསྐྱོད་དེ་སྨན་བཅོས་དོ་དམ་གྱི་ལམ་ལུགས་ཁག་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱས་ཡོད།
“གཞན་བརྟེན”དེ“རང་བརྟེན”ལ་བསྒྱུར་བ་དང་སྨན་ཁང་གི་ཤེས་ལྡན་པའི་དཔུང་ཁག་གསོ་སྦྱོང་བྱེད་ཤུགས་དང་ལས་ཀའི་ཆུ་ཚད་གོང་མཐོར་ཧུར་ཐག་བཏང་ཞིང་། ཁྲེན་ཝུའེ་ཁྲང་གི་མཐུན་སྦྱོར་བརྒྱུད་ང་ཚོའི་སྨན་ཁང་གིས་སྔ་རྗེས་སུ་སྒྲ་རླབས་དང་། འཇུ་བྱེད། ཕྱི་ནད་དཀྱུས་མའི་ཚན་ཁག ཁྲག་གཙང་བཟོ། གློ་ནད། བྱིས་པའི་ཚན་ཁག་སོགས་ཐད་ཀྱི་སྨན་ཁང་གི་ལས་སྒོའི་རྐང་འཛིན་པ་13སུའུ་ཀྲོའུ་སློབ་ཆེན་ཞོར་གཏོགས་སྨན་ཁང་དུ་ཟབ་སྦྱོང་བྱེད་པར་མངགས་ཡོད། སུའུ་ཀྲོའུ་སློབ་ཆེན་ཞོར་གཏོགས་སྨན་ཁང་གིས་ཀྱང་སྔ་རྗེས་སུ་སྨན་བཅོས་རྐང་འཛིན་པ་13ལས་གྲུབ་པའི་དུས་ཐུང་བོད་སྐྱོར་སྨན་བཅོས་རུ་ཁག་གཉིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ས་གནས་ས་ཐོག་གི་གསོ་སྦྱོང་དང་། མཛུབ་ཁྲིད། སློབ་ཁྲིད། གཤག་བཅོས་བཅས་བྱེད་པར་མངགས་ཡོད”ཅེས་ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར་བརྗོད་བྱུང་།
དུས་ཚོད་རིམ་བཞིན་འདས་པ་དང་སྨན་ཁང་ཡོངས་ཀྱི་ལས་བྱེད་ལས་བཟོས་ལོ་གཅིག་རིང་འབད་བརྩོན་བྱས་པ་བརྒྱུད་2013ལོའི་ཟླ་10ཚེས་18ཉིན་དེར་ང་ཚོར་སྤོབས་པ་ཆེན་པོ་སྐྱེ་འོས་པའི་བྱ་བ་ཞིག་བྱུང་བ་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་འདི་ཉིད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གིས་སྒྲིག་འཛུགས་བྱས་པའི་རིགས་གཅིག་མཁས་ཅན་ཚོགས་པའི་ཞིབ་དཔྱད་ནང་ཁ་པ་རིམ་པ་གསུམ་པའི་སྨན་ཁང་ལ་བདམས་ཡོད། “སྨན་ཁང་གི་ཚན་པ་མང་པོའི་ཀྲུའུ་རེན་དང་ལས་བཟོས་ང་ལ་ཁ་པ་རིམ་པ་གསུམ་པའི་སྨན་ཁང་གཏོད་ཐུབ་པ་དེ་ནི་གཙོ་བོ་ཁྲེན་ཝུའེ་ཁྲང་གི་བྱས་རྗེས་ཡིན་ཞེས་ཤོད་ཀྱི་འདུག”ཅེས་ཚེ་རིང་དོན་གྲུབ་ཀྱིས་བརྗོད་བྱུང་།