དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཧོར་སྤྱི་བདེ་མཐའ་སྲུང་མངགས་གཏོང་ཁང་གི་དམངས་གཅེས་སྨན་བཅོས་ཁང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-09

    “ཨ་ཅག ཧོར་ཤང་ལ་སྨན་པ་ཡོད་དམ། ཁྱེད་ཚོས་དུས་རྒྱུན་ནད་གང་དུ་བལྟ་གི་ཡོད་དམ”“འདུག ང་ཚོ་ཚང་མ་ཧོར་སྤྱི་བདེ་མཐའ་སྲུང་མངགས་གཏོང་ཁང་གི་དམངས་གཅེས་སྨན་བཅོས་ཁང་དུ་ནད་བལྟ་བར་འགྲོ་གི་ཡོད། དེར་སྨན་པ་ཡོད་པ་མ་ཟད། ལག་རྩལ་ཀྱང་ཡག་པོ་འདུག ཁྱེད་ཚོའི་གཟུགས་པོ་བདེ་པོ་མི་འདུག་ན་ཁོང་ཚོ་བཙལ་ན་ཡག་པོ་འདུག”ཅེས་ས་གནས་དེ་གའི་མི་སེར་གྱི་སྐད་ཆའི་ཁྲོད་ང་ཚོས་ད་ཐེངས་བཅར་འདྲི་བྱེད་ས་ནི་ཧོར་སྤྱི་བདེ་མཐའ་སྲུང་མངགས་གཏོང་ཁང་གི་དམངས་གཅེས་སྨན་བཅོས་ཁང་ཡིན་པ་གཏན་འཁེལ་བྱས། སྨན་བཅོས་ཁང་དེ་རྒྱལ་ལམ་219དུ་གནས་པའི་སྤྱི་བདེ་མཐའ་སྲུང་དཔུང་སྡེས་བཙུགས་པའི་སྨན་བཅོས་ཁང་གཅིག་པུ་དེ་ཡིན་པ་མ་ཟད། རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གིས་ཐོ་འགོད་བྱས་པའི་ཆེད་ལས་ཀྱི་ཕྱི་ལུགས་གསོ་རིག་སྨན་བཅོས་ཁང་ཞིག་ཀྱང་ཡིན།

    མ་ཕམ་གཡུ་མཚོའི་འགྲམ་གྱི“སྲོག་སྐྱོབ་ས་ ཚིགས”

    དཔེ་མཚོན་གྱི་ས་མཐོའི་ཤང་གྲོང་ཡིན་པའི་སྤུ་ཧྲེང་རྫོང་ཧོར་ཤང་དེ་མ་ཕམ་གཡུ་མཚོ་དང་ཉེ་བ་དང་ནུབ་གངས་རིན་པོ་ཆེའི་འཁྲིས་སུ་ཡོད་པའི་ཐོག་རྒྱལ་ལམ་219ཐོག་གནས་པས་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་དེར་ཡོང་གི་ཡོད།

    2014ལོའི“རྒྱལ་སྟོན་དུས་ཆེན”རིང་ཨན་ཧུའེ་ཧོ་ཧྥེ་ནས་ཡོང་བའི་ཡུལ་སྐོར་ཚོགས་པའི་མི་20ལྷག་ཙམ་ཧོར་ཤང་དུ་ཡུལ་སྐོར་བྱེད་སྐབས་མིང་ལ་དབྱང་ཕོང་ཞེས་པའི་ཡུལ་སྐོར་བ་ཞིག་རི་འཛེག་སྐབས་ངལ་དུབ་ཆེ་བའི་རྐྱེན་གྱིས་ལུས་པོ་ཡོངས་སྦྲིད་པ་དང་། སྙིང་གཡུག་པ། དབུགས་ཧལ་བ་སོགས་ཀྱི་ནད་རྟགས་ཐོན་ནས་དམངས་གཅེས་སྨན་བཅོས་ཁང་དུ་བསྐྱལ་བ་རེད། སྨན་བཅོས་ཁང་དུ་འབྱོར་སྐབས་ཡུལ་སྐོར་བ་དེའི་དྲན་པ་གསལ་པོ་མེད། དམངས་ཕན་སྨན་བཅོས་ཁང་གི་སྨན་པ་ཚོས་མྱུར་སྐྱོབ་བྱས་རྗེས་ནད་པ་དེ་དྲག་སྐྱེད་བྱུང་ཡོད། ཁོང་ཚོ་བདེ་འཇགས་ངང་ཕ་ཡུལ་དུ་འབྱོར་རྗེས“སྨན་པ་ཕ་མ་ལྟར་སྣང་། དམག་དམངས་བརྩེ་དུང་ཉ་ཆུ་ལྟར་ཟབ”ཅེས་པའི་གོས་དར་བསྐུར་ཡོད།

    སྨན་པའི་བྱམས་སེམས་དང་སྨན་བཅོས་ལག་རྩལ།

    རང་ལོ་30ཡོལ་བའི་ཧུའུ་ཀྲུང་ཁང་ནི་དམངས་ཕན་སྨན་བཅོས་ཁང་གི་གཙོ་བཅོས་སྨན་པ་ཡིན་པ་དང་བཅིངས་འགྲོལ་དམག་པེ་ཆིའུ་ཨེན་གསོ་རིག་སློབ་གླིང་ནས་ཐོན་པ་ཞིག་ཡིན། 2008ལོར་ཧུའུ་ཀྲུང་ཁང་མངའ་རིས་སྤྱི་བདེ་མཐའ་སྲུང་ཉིང་ལག་རུ་ཁག་སྤུ་ཧྲེང་རྫོང་ཧོར་ཤང་མཐའ་སྲུང་མངགས་གཏོང་ཁང་དུ་ལས་སྒྱུར་བྱས། 2009ལོའི་ཟླ་4པར་དམངས་གཅེས་སྨན་བཅོས་ཁང་དུ་ཆེད་ལས་སྨན་པ་མཁོ་བར་བརྟེན་ཧུའུ་ཀྲུང་ཁང་གིས་འགན་དེ་འཁུར་ནས་ད་བར་ལོ་6ཏག་ཏག་ཕྱིན་ཡོད།

    ལོ་6རིང་ཁོང་གིས་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ཡུལ་སྐོར་བ་དང་མང་ཚོགས་མང་པོ་བསྐྱབས་པར་བརྟེན་ལྷ་མཚོའི་ཉེ་འཁོར་དུ་སྐད་གྲགས་ཆོད་པའི་སྨན་པ་ཞིག་ཏུ་གྱུར། རྒྱུན་དུ་ཁོང་གིས་སྨན་བཅོས་ཁང་དུ་ནད་བལྟ་བ་ཕུད་ད་དུང་སྨན་སྐྱོང་མི་སྣ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་ཁག་དུ་སྐོར་སྐྱོད་རོགས་སྐྱོབ་ཞབས་ཞུ་སྤེལ་ནས་ཧོར་ཤང་སྲིད་གཞུང་གི་ལས་བྱེད་ལས་བཟོ་དང་མཐའ་སྲུང་ཞིབ་བཤེར་ས་ཚིགས་དང་ཧོར་འགྲིམ་འགྲུལ་དཔུང་སྡེའི་དཔོན་དམག་ཚོར་གཟུགས་པོ་བརྟག་དཔྱད་བྱས། ལོ་6རིང་ཁོང་གི་རྐང་རྗེས་ཧོར་ཤང་གི་གྲོང་ཚོ་ཁག་ཏུ་བཞག་ཡོད།

    མི་སེར་ཚོའི་སེམས་གཏིང་གི་ཨེམ་རྗེ་ཡག་པོ།

    གསར་འགོད་པས་ཤེས་རྟོགས་བྱས་པར། སྨན་བཅོས་ཁང་ཐོག་མར་འཛུགས་སྐབས་ནད་བལྟ་མཁན་མང་པོ་ཡོད། སྐབས་དེ་དུས་ཉལ་ཁྲི་གཅིག་དང་རྐུབ་སྟེགས་ཆུང་ཆུང་གཉིས་ལས་མེད་པ་དང་སྨན་བཅོས་ཡོ་བྱད་ཀྱིས་མི་སུམ་ཅུར་མ་གཏོགས་སྨན་བཅོས་བྱེད་ཐུབ་ཀྱི་མེད། ཧོར་སྤྱི་བདེ་མཐའ་སྲུང་མངགས་གཏོང་ཁང་གིས་དམངས་གཅེས་མཐའ་བརྟན་གྱི་འཐབ་ཇུས་ལག་བསྟར་བྱས་ཚུན་མངའ་རིས་མཐའ་སྲུང་ཉིང་ལག་རུ་ཁག་ཏང་ཨུད་ཀྱི་ཐུགས་ཁུར་དང་རོགས་རམ་འོག་དམངས་གཅེས་སྨན་བཅོས་ཁང་ལ་ད་ལྟ་ཉལ་ཁྲི་5དང་། གསོ་རླུང་དམ་བི་3 ནད་པ་སྡོད་སའི་རྐུབ་སྟེགས་རིང་པོ་3བཅས་ཡོད་པས་ཧོར་ཤང་མང་ཚོགས་དང་ཡུལ་སྐོར་བའི་སྨན་བཅོས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

    ཤེས་རྟོགས་བྱས་པར་གཞིགས་ན། 2006ལོ་ནས་བཟུང་དམངས་གཅེས་སྨན་བཅོས་ཁང་དེ་བཙུགས་ནས་ད་བར་མི་ཐེངས་28000ལ་སྨན་བཅོས་བྱས་པ་དང་། ནད་གཞི་ལྕི་པོ་ཕོག་མཁན་122བསྐྱབས་པ། རྒྱང་རིང་ལུང་ཁུག་གི་འབྲོག་ཁུལ་དུ་འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་ཐེངས་36བྱས་པ། སྒོར་ཁྲི་11ལྷག་ཙམ་རི་བའི་སྨན་སྤྲད་པ་བཅས་བྱས་པས་མངའ་ཁོངས་མང་ཚོགས་དང་ཡུལ་སྐོར་བའི་བསྔགས་བརྗོད་ཐོབ་པ་མ་ཟད། ས་གནས་དེ་གའི་མི་སེར་ཚོས་ཁོང་ལ་མཐའ་སྲུང་གི་ཨེམ་རྗེ་ཡག་པོ་ཞེས་འབོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།