འཛིན་གྲྭའི་ཀྲུའུ་རེན་ནི་སློབ་མའི་བློ་གཏད་བཅོལ་ཡུལ་དང་ལམ་སྟོན་པ་ཞིག་ཡིན་ལ། འཛིན་གྲྭའི་བྱེད་སྒོ་ཁག་གི་འཆར་འགོད་དང་ལག་བསྟར་བྱེད་མཁན་ཞིག་ཀྱང་རེད། མ་གཞི་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀ་ནི་གཟི་བརྗིད་ཆེ་་ལ་དང་དོན་སྙིང་གལ་ཆེ་ལྡན་མོད། འོན་ཀྱང་དཀའ་ཚེགས་དང་རྙོག་འཛིང་ཆེ་བས་འཛིན་གྲྭའི་ཀྲུའུ་རེན་ཚོས་ངང་རྒྱུད་རིང་པོ་དང་འཆར་གཞི་ལྡན་པའི་སྒོ་ནས་སློབ་མའི་ཀུན་སྤྱོད་དང་། གཟུགས་པོ་སོགས་ཕྱོགས་ཡོངས་ལ་བསམ་གཞིག་དང་བཅས་སློབ་གསོ་གཏོང་དགོས་པས། གཤམ་ལ་ཁོ་མོས་འཛིན་གྲྭའི་ཀྲུའུ་རེན་ལོ་མང་བྱས་པའི་ཉམས་མྱོང་དང་སྦྲགས་ནས་རང་ཉིད་ཀྱི་ལྟ་ཚུལ་རེ་གཉིས་གླེང་བ་བྱའོ།
གཅིག སློབ་ཚན་ཁག་ཚང་མ་ལེགས་པོ་སྦྱོང་བའི་སློབ་གསོ་གཏོང་དགོས།
འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་ཕྲུག་ཚོར་སློབ་སྦྱོང་གི་དམིགས་ཡུལ་གསལ་པོ་བཟོ་བ་དང་སློབ་སྦྱོང་ལ་ཡང་དག་པའི་ལྟ་ཚུལ་འཛིན་དགོས་པའི་སློབ་གསོ་རྒྱག་དགོས་པ་དང་། སློབ་མ་སོ་སོས་རང་གིས་རང་ལ་དམིགས་ཚད་བཟོ་བ་དང་རང་གིས་རང་གཅུན་པ། རང་གིས་རང་ལ་སྐུལ་མ་གཏོང་བའི་གོམས་གཤིས་འཇགས་པ་བྱེད་དགོས་པ་མ་ཟད། སློབ་སྦྱོང་གི་འཆར་གཞི་བཟོ་བ་དང་སློབ་སྦྱོང་གི་དུས་ཚོད་བཀོད་སྒྲིག་འཚམ་པོ་བྱེད་པ། སློབ་སྦྱོང་གི་ཐབས་ཤེས་འདེམས་ཤེས་པ་སོགས་ཀྱི་སློབ་གསོ་རྒྱག་དགོས་ལ། “ཉིན་རེར་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། ཞག་གསུམ་ལོན་ཚེ་བརྗེད་མེད་གཡེང་བས་འཁྱེར། དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་ཨང”ཞེས་པ་ལྟར་རྒྱུན་དུ་ཤེས་ཡོན་གང་འདྲ་ཞིག་ཡིན་རུང་། དྲན་པས་མ་བསྐྱངས་ན་བརྗེད་ངས་ཀྱི་རྐུན་པོས་རིམ་གྱིས་ཁྱེར་ནས་རང་རྒྱུད་ལ་ཡོན་ཏན་ལེགས་པོ་ཞིག་འཇགས་མི་ཐུབ་པས། བློ་རྩེ་གཅིག་སྒྲིམ་གྱིས་སྦྱང་བྱ་ཁག་ལ་བརྩོན་པ་ཆུ་མོའི་རྒྱུན་ལྟར་བྱེད་དགོས་པའི་སྐུལ་མ་གཏོང་དགོས།
གཉིས། སློབ་གསོ་རྒྱག་སྐབས་སྐད་ཆ་ཤོད་སྟངས་ལ་ཡིད་གཟབ་བྱ་དགོས།
སློབ་མ་སུ་དང་གང་ཡིན་རུང་། རང་ཉིད་ལ་དམིགས་བསལ་གྱི་ཁྱད་ཆོས་སམ་དགེ་མཚན་རེ་ཡོད། དེ་ཡང་སློབ་མ་འགའ་རེ་སྦྱངས་འབྲས་ཞན་ཡང་། གཙང་སྦྲ་ལེགས་པ་དང་། འགའ་རེ་གཙང་སྦྲ་ཞན་ཡང་། སློབ་ཕྲུག་དབར་མཐུན་སྒྲིལ་ཆེ་བ་སོགས་ཡོད། དེར་བརྟེན། འཛིན་གྲྭའི་ཀྲུའུ་རེན་གྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་མའི་ཁྱད་ཆོས་སམ་དགེ་མཚན་ལ་དོ་སྣང་དང་ལྟ་ཞིབ་བྱེད་དགོས་ལ། ང་ཚོ་དགེ་རྒན་གྱིས་སློབ་མར་སློབ་གསོ་རྒྱག་སྐབས་སྐད་ཆ་ཤོད་མཁས་པོ་བྱེད་དགོས། སློབ་མའི་ཞན་ཆར་དམིགས་ནས་དམའ་འབེབས་དང་། གཤེ་གཤེ སྐྱོན་འཛུགས་སོགས་ཡེ་ནས་བྱེད་མི་ཉན། དེ་ལས་ལྡོག་སྟེ། སློབ་མའི་ལེགས་ཆ་དར་སྤེལ་བཏང་ནས་ཞན་ཆ་གསབ་པའི་ལམ་ལ་ཞུགས་དགོས། དཔེར་ན་ངལ་རྩོལ་ལ་དགའ་ཡང་། སྦྱངས་འབྲས་ཞན་པའི་སློབ་མ་ཞིག་ལ་ཆ་བཞག་ན། དགེ་རྒན་གྱིས་སློབ་མར་རང་གིས་ངལ་རྩོལ་ལ་དགའ་པོ་བྱེད་ཀྱི་ཡོད་པས། དེ་ཧ་ཅང་ལེགས་པོ་འདུག གལ་སྲིད་སློབ་སྦྱོང་ལའང་དགའ་པོ་དེ་ལྟར་བྱས་ན། སྦྱངས་འབྲས་ལེགས་པོ་ཡོང་ངེས་རེད་ཅེས་བརྗོད་ནས་སློབ་མར་སློབ་གསོ་གཏོང་དགོས། དེ་ལྟར་བྱས་ན། སློབ་མའི་ཡིད་ཆེས་དང་ཡར་བརྩོན་གྱི་སྤྲོ་སེམས་ཆེས་ཆེར་འཕེལ་ནས་སློབ་སྦྱོང་ལ་སྦྱངས་པ་བྱེད་ངེས་སོ།
གཞན་ཡང་། འཛིན་གྲྭའི་ཀྲུའུ་རེན་གྱིས་ནམ་ཞག་རྒྱུན་དུ་སློབ་མར་དེ་བྱས་ན་འགྲིག་གི་མ་རེད། འདི་བྱས་ན་ཡག་པོ་མི་འདུག་ཅེས་མ་བརྗོད་པར་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན་ཁག་གི་མཛད་རྗེས་བརྗོད་པའི་ཐབས་ལ་བརྟེན་ཞིང་། ཁོང་རྣམ་པས་ཆུང་དུས་ནས་དཀའ་ངལ་ཁྱད་བསད་དང་། ཟས་བརྗེད་གཉིད་བྲལ་དང་ནུས་ཤུགས་ཡོད་རྒུས་སྦྱང་བྱ་གང་ལ་སྦྱངས་པ་བྱས་པས་ན། གཞི་ནས་གྲགས་ཅན་མི་སྣར་གྱུར་པའི་གནས་ལུགས་གསལ་བཤད་བྱས་ཏེ་ཁོང་རྣམ་པའི་ཡ་རབས་ཀྱི་ཀུན་སྤྱོད་དང་གསར་གཏོད་ཀྱི་ནུས་པ་སོགས་ལ་སློབ་སྦྱོང་དང་མིག་དཔེར་འཛིན་དགོས་པ་སོགས་ཀྱི་སློབ་གསོ་རྒྱག་དགོས་པ་ནི་གལ་ཆེ་བའོ།
གསུམ། ཁྱིམ་བདག་དང་འབྲེལ་འདྲིས་མང་ཙམ་བྱེད་དགོས།
སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་སྐྱོང་བར་དགེ་རྒན་ཙམ་མ་ཟད། ཁྱིམ་བདག་གིས་ཕྱར་བ་གྲུ་འདེགས་བྱ་དགོས་པས། འཛིན་གྲྭའི་ཀྲུའུ་རེན་གྱིས་དགེ་རྒན་དང་ཁྱིམ་བདག་དབར་ལ་འབྲེལ་ཟམ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་དགོས། མ་གཞི་སློབ་གྲྭས་དུས་ཚོད་གཏན་འཁེལ་གྱིས་ཁྱིམ་བདག་ཚོགས་འདུ་འཚོགས་ཀྱི་ཡོད་མོད། འོན་ཀྱང་འཛིན་གྲྭའི་ཀྲུའུ་རེན་གྱིས་འཛིན་གྲྭའི་ཞིབ་ཕྲའི་གནས་ཚུལ་དང་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས་འཛིན་གྲྭ་ཁྱོན་ཡོངས་སམ་ཡང་ན་སློབ་ཕྲུག་ཁ་ཤས་ཀྱི་ཁྱིམ་བདག་བསྐོངས་ནས་ཕྲུ་གུར་སློབ་གསོ་རྒྱག་མཁས་པའི་ཁྱིམ་བདག་གིས་རང་ཉིད་ཀྱི་ཉམས་མྱོང་བཟང་པོ་ངོ་སྤྲོད་བྱེད་དུ་འཇུག་པའམ་ཁྱིམ་བདག་ཕན་ཚུན་གླེང་མོལ་བྱེད་དུ་འཇུག་ནས་སློབ་མར་སློབ་གསོ་གཏོང་ཐབས་འཚོལ་ཞིབ་བྱེད་དགོས། དེ་བཞིན་འཛིན་གྲྭའི་ཀྲུའུ་རེན་གྱིས་རྒྱུན་དུ་ཁྱིམ་བདག་དང་འབྲེལ་འདྲིས་མང་ཙམ་བྱས་ཏེ་ཁྱིམ་བདག་དང་གྲོས་བསྡུར་བྱས་ནས་མཉམ་དུ་སློབ་མར་སློབ་གསོ་གཏོང་སྟངས་ཞིབ་འཇུག་བྱ་དགོས། དེ་ཡང་ཕོ་རབ་གཅིག་གི་བློ་གྲོས་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ་ཞེས་པའི་གཏམ་དཔེ་ལྟར་ཁྱིམ་བདག་དང་འབྲེལ་འདྲིས་དང་བཅས་གྲོས་བསྡུར་མང་ཙམ་བྱས་ན། འཛིན་གྲྭར་དོ་དམ་བྱེད་སྐབས་ཡིན་ནའང་འདྲ། སློབ་མར་སློབ་གསོ་རྒྱག་སྐབས་ཡིན་ནའང་འདྲ། གང་ལྟར་ཕན་ཐོགས་ཆེན་པོ་ཐོན་གྱི་འདུག
བཞི། སློབ་མར་རྒྱུས་མངའ་ཡག་པོ་ལོན་པ་བྱེད་དགོས།
འཛིན་གྲྭའི་ཀྲུའུ་རེན་ཞིག་གི་ངོས་ནས་བཤད་ན། མདའ་འཕེན་དུས་འབེན་ལ་ལྟ་དགོས་པ་ལྟར་དང་ཐོག་འཛིན་གྲྭ་གང་དེའི་སློབ་མར་རྒྱུས་མངའ་ཡག་པོ་ལོན་པ་བྱེད་དགོས། དེ་ནི་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀའི་སྔོན་འགྲོའི་ཆ་རྐྱེན་རེད། དེས་ན་སློབ་ཕྲུག་ལ་རྒྱུས་མངའ་ལོན་པ་བྱེད་སྐབས་སློབ་མ་སོ་སོའི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། དགའ་ཕྱོགས། དམིགས་གསལ་གྱི་ཁྱད་ཆོས། གཤིས་ཀ ཁྱིམ་ཚང་གི་སྡོད་གནས་དང་འཚོ་བའི་ཆ་རྐྱེན་བཅས་ལ་ཞིབ་ཚགས་པོས་ཤེས་རྟོགས་བྱེད་དགོས། སློབ་མར་རྒྱུས་མངའ་ཡག་པོ་ལོན་ཚེ། ང་ཚོས་སློབ་མའི་སློབ་སྦྱོང་དང་། འཚོ་བ། ཀུན་སྤྱོད་སོགས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་སྐམ་པོ་རྡོས་རྡུང་། རློན་པོ་གྲིས་གཅོད་ཐུབ་ནས་དུས་ཐོག་ཏུ་སློབ་གསོ་སློབ་ཁྲིད་ཀྱི་བྱ་ཐབས་ལེགས་སྒྲིག་བྱེད་ཐུབ་ལ། སྣོད་བསྟུན་སློབ་ཁྲིད་དངོས་སུ་བྱེད་ཐུབ་ནས་སློབ་མའི་སེམས་ཁམས་དང་མཐུན་པའི་སློབ་གསོ་རྒྱག་ཐུབ་ལ། ནུས་པའང་ཐོན་སླ། དེ་བཞིན་འཛིན་གྲྭའི་ཐུན་མོང་གི་བྱེད་སྒོ་སོགས་ཀྱང་བཀོད་སྒྲིག་ཚགས་ཚུད་པོ་བྱེད་ཐུབ་ནས་འཛིན་གྲྭའི་ལས་དོན་ཁག་བདེ་བླག་ངང་ལེགས་གྲུབ་ཡོང་ངེས་ཡིན།
ལྔ། སློབ་དུས་རེའི་འཆར་འགོད་དང་མཇུག་སྡོམ་དོན་དངོས་དང་མཐུན་པ་ཞིག་བྱེད་དགོས།
འཛིན་གྲྭའི་ཀྲུའུ་རེན་ཚོས་སློབ་དུས་རེའི་འཆར་གཞི་འགོད་སྐབས་དགེ་སློབ་ཚང་མའི་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས་འཆར་གཞི་ཞིབ་ཚགས་ཤིག་འགོད་དགོས། དེ་ཡང་སྐས་ཀ་མ་འཛེགས་པར་ཐོག་ཁར་མི་སླེབས་པས་འཆར་གཞི་འགོད་སྐབས་དམིགས་ཚད་མཐོ་དྲགས་རྒྱུ་མེད་ལ། དམའ་ཡང་དྲགས་རྒྱུ་མེད། མཐོ་དྲགས་ན། ལེགས་པར་སྒྲུབ་དཀའ་བས་སློབ་མར་ཡིད་ཐང་ཆད་པ་དང་སེམས་ཤུགས་ཉམས་པ་སོགས་ཡོང་སླ། ཡང་དམའ་དྲགས་ན། སློབ་མར་སྟབས་བདེ་བ་དང་ལས་སླ་བའི་སྣང་བ་ཤར་ནས་སྤོབས་སེམས་སོགས་ཡོང་སླ། གང་ལྟར་འཆར་གཞིར་བཀོད་པ་རྣམས་དོན་དངོས་དང་མཐུན་ཞིང་། གོ་རིམ་ལྡན་པ་ཞིག་དགོས། འཆར་གཞིར་བཀོད་པ་རྣམས་དུས་ཚོད་དང་གོ་རིམ་ཡོད་པའི་སྒོ་ནས་ཅིས་ནས་ཀྱང་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས།
སློབ་དུས་རྫོགས་ལ་ཉེ་བའི་སྐབས་སློབ་དུས་དེའི་ནང་ལྷག་པའི་གནས་ཚུལ་དང་ཐོབ་པའི་འགྲུབ་འབྲས་ཁག་ལ་མཇུག་སྡོམ་ལེགས་པར་བརྒྱབ་ནས་སློབ་མར་ཁྱབ་བསྒྲགས་ཁ་གསལ་བྱེད་དགོས་ལ། བསྟོད་བསྔགས་དང་སྐུལ་མ་གཏོང་རྒྱུ་གཙོ་བོར་འཛིན་དགོས་པ་དང་། ད་དུང་མཇུག་སྡོམ་རྒྱག་སྐབས་ཁྱིམ་བདག་ཚོགས་འདུ་མཉམ་དུ་ཚོགས་པ་ཡིན་ན། ནུས་པ་ཆེན་པོ་ཐོན་བཞིན་འདུག འདིར་རྒྱས་བཤད་བྱེད་པའི་ངལ་བ་མ་བླངས་སོ།
བརྒྱ་བཤད་སྟོང་བཤད་བྱས་ཀྱང་། ཡོས་ལ་འབབ་རྒྱུ་རྩམ་པ་ཞེས་པ་ལྟར། མདོར་ན་འཛིན་གྲྭའི་ཀྲུའུ་རེན་གྱིས་དུས་དང་རྣམ་པ་ཀུན་དུ་སྲོལ་རྒྱུན་གྱི་སྐར་གྲངས་ཁོ་ན་རྩོད་པའི་སློབ་ཁྲིད་བྱ་ཐབས་རིང་དུ་དོར་ནས་བྱང་ཚད་སློབ་གསོའི་བླང་བྱ་དང་འཚམ་པའི་སློབ་གསོ་རྒྱག་རྒྱུ་དང་འཛིན་གྲྭའི་དོ་དམ་གྱི་ལས་ཀར་བཀོད་སྒྲིག་ཚགས་ཚུད་པོ་བྱ་དགོས། ལྷག་པར་དུ་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀ་དེ་རྙོག་གྲ་ཚ་ལ་དཀའ་ཚེགས་ཆེ་བས། འཛིན་གྲྭའི་ཀྲུའུ་རེན་ལ་ལས་ཀར་ལྷག་བསམ་རྣམ་དག་དང་། འགན་འཁྲིའི་བསམ་པ་ཤུགས་ཆེན་ལྡན་དགོས། དེ་ལྟར་བྱས་ཐུབ་ན་འཛིན་གྲྭའི་ལས་དོན་ཁག་བདེ་བླག་ངང་ལེགས་གྲུབ་ཐུབ་ནས་སློབ་མ་རྣམས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་ཞིག་ཏུ་འགྱུར་ངེས་རེད་སྙམ་མོ།
(སྙེ་མོ་རྫོང་སློབ་འབྲིང་གི་མཚོ་སྐྱིད)