དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྨན་པ་རིགས་གཅིག་མཁས་ཅན་གྱིས་ནད་ལྟ་བའི་དཀའ་གནད་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-01

    ཉིན་ཤས་གོང་གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་སྡེ་ཁུལ་གྱི་གྲོང་མི་ཞིག་གི་ཁ་པར་འབྱོར་ནས“སྐུ་ཁམས་བཟང་། ང་ཚོའི་སྡེ་ཁུལ་དུ་སྨན་པ་རིགས་གཅིག་མཁས་ཅན་གྱིས་ནད་ལྟ་བར་ཡོང་ནས་གྲོང་མིར་སྟབས་བདེ་སྐྲུན་སོང”ཞེས་བཤད་བྱུང་།

    ཁ་པར་འབྱོར་རྗེས་གསར་འགོད་པས་དར་དམར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་བྱས་པ་ཡིན། སྡེ་ཁུལ་གྱི་སྒོ་འགྲམ་ཐོག་གི་LEDབརྙན་ཤེལ་ཐོག“གཟའ་པ་སངས་རྟག་ཏུ་སྨན་པ་རིགས་གཅིག་མཁས་ཅན་གྱིས་ནད་ལྟ་བར་ཡོང་གི་ཡོད”ཅེས་པ་དང་ཟླ་དེའི་སྨན་པ་རིགས་གཅིག་མཁས་ཅན་གྱི་མིང་དང་། གོ་གནས། ཆེད་ལས་སོགས་ཀྱི་ངོ་སྤྲོད་ཞིབ་ཕྲ་འཁོད་འདུག

    འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཚོམས་ཆེན་དུ་བང་རིང་པོ་ཞིག་བསྒྲིགས་ཡོད་པ་ཚང་མ་སྨན་པ་རིགས་གཅིག་མཁས་ཅན་སར་ནད་ལྟ་བར་ཡོང་བ་ཤ་སྟག་ཡིན་ཞིང་། གསར་འགོད་པས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་དོན་མི་སྣ་ཅང་ཡ་ཆུང་བཙལ་བ་ཡིན། ཁོང་གིས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ཁག་གི་སྨན་པ་རིགས་གཅིག་མཁས་ཅན་སྡེ་ཁུལ་དུ་ནད་ལྟ་བར་ཕེབས་ཀྱི་ཡོད། སྨན་པ་རིགས་གཅིག་མཁས་ཅན་སྡེ་ཁུལ་དུ་ནད་ལྟ་བར་ཡོང་བའི་བྱེད་སྒོ་དེ་ཁྲེང་ཀོན་ཆུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་སྤེལ་བ་ཞིག་ཡིན་པས་མིག་སྔའི་བར་ལོ་གཅིག་དང་ལོ་ཕྱེད་ཙམ་སྤེལ་བ་རེད། སྡེ་ཁུལ་དུ་ནད་ལྟ་བར་ཕེབས་མཁན་སྨན་པ་རིགས་གཅིག་མཁས་ཅན་ནང་བོད་ལུགས་གསོ་རིག་གི་སྨན་པ་རིགས་གཅིག་མཁས་ཅན་ཡོད་ལ་ཕྱི་ལུགས་གསོ་རིག་གི་སྨན་པ་རིགས་གཅིག་མཁས་ཅན་ཡང་ཡོད་པས་གྲོང་མིས་ཨང་ཐོ་བཀོད་རྗེས་སྨན་པ་རིགས་གཅིག་མཁས་ཅན་གྱིས་ཁྱེད་ལ་ནད་ལྟ་གི་ཡོད་ཅེས་བཤད། 

    སྨན་པ་རིགས་གཅིག་མཁས་ཅན་འགྲམ་དུ་ནད་ལྟ་བར་ཡོང་མཁན་གྲོང་མིས་གསར་འགོད་པ་བཅར་འདྲིར་ཡོང་བ་མཐོང་རྗེས་རང་འགུལ་ངང་གསར་འགོད་པར་གནས་ཚུལ་ངོ་སྤྲོད་བྱས་བྱུང་། སྡེ་ཁུལ་གྱི་གྲོང་མི་རྡོ་རྗེས“སྨན་པ་རིགས་གཅིག་མཁས་ཅན་སྡེ་ཁུལ་དུ་ནད་ལྟ་བར་ཕེབས་པ་ནི་གྲོང་མིའི་ངོས་ནས་བརྗོད་ན་དངོས་ཕན་གྱི་བྱ་བ་བཟང་པོ་ཞིག་རེད། ཆེད་མངགས་སྨན་ཁང་དུ་བསྐྱོད་ཀྱང་སྨན་པ་རིགས་གཅིག་མཁས་ཅན་ཚོའི་ཨང་ཐོ་འགོད་མི་ཐུབ། ད་ཆ་སྨན་པ་རིགས་གཅིག་མཁས་ཅན་ང་ཚོའི་སྒོ་འགྲམ་དུ་ནད་ལྟ་བར་ཕེབས་ཡོད། ང་ཚོ་དར་དམར་སྡེ་ཁུལ་དེ་གྲོང་ཁུལ་དང་ཐག་ཉེ་ཡང་སྨན་ཁང་ཆེན་པོར་ནད་ལྟ་བར་འགྲོ་དགོས་ཚེ་ཞོགས་པ་སྔ་པོ་ནས་ཐོན་དགོས་ཀྱི་ཡོད། ལྷག་པར་དུ་ཞོགས་པ་སྔ་པོ་ལངས་ནས་བསྐྱོད་ནའང་སྨན་ཁང་ཆེན་པོར་བང་ཧང་ཅང་རིང་པོ་ཞིག་སྒྲིག་དགོས་ཀྱི་ཡོད། སྨན་པ་རིགས་གཅིག་མཁས་ཅན་ང་ཚོའི་སྡེ་ཁུལ་དུ་ནད་ལྟ་བར་ཕེབས་པ་དེས་ང་ཚོའི་ནད་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱུང་་སོང”ཞེས་བཤད་བྱུང་།

    བཀྲ་ཤིས་ཁོང་དར་དམར་སྡེ་ཁུལ་གྱི་གྲོང་མི་མིན་ཡང་གཟའ་པ་སངས་ཀྱི་ཞོགས་པ་སྔ་པོ་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་བང་བསྒྲིགས་ནས་བསྡད་འདུག ཁོང་གིས“གཟའ་པ་སངས་རྟག་ཏུ་དེ་གར་ནད་ལྟ་བར་ཕེབས་མཁན་སྨན་པ་རིགས་གཅིག་མཁས་ཅན་ཚོ་ནི་སྐད་གྲགས་ཡོད་ལ་མཁྱེན་རྒྱ་ཡངས་པ་དང་སྨན་དཔྱད་བྱང་ཆུབ་པ་ཞིག་ཡོད་པས་ས་ཐག་ག་ཚོད་རིང་ཡང་དེ་གར་ཡོང་ངེས་ཡིན”ཞེས་བཤད་བྱུང་།

    མིག་སྔར་གྲགས་ཅན་གྱི་སྨན་པ་རིགས་གཅིག་མཁས་ཅན་5ཡིས་དར་དམར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ཟླ་རེར་རེས་སྐོར་བྱས་ནས་ནད་ལྟ་གི་ཡོད། གཟའ་པ་སངས་ཉིན་གྱི་སྔ་དྲོ་རྟག་ཏུ་རེས་སྐོར་སྨན་པ་རིགས་གཅིག་མཁས་ཅན་གྱིས་དུས་ཐོག་ཏུ་དེ་གར་ནད་ལྟ་བར་ཕེབས་ཀྱི་ཡོད། འཕྲོད་བསྟེན་ལྟེ་གནས་ཀྱི་སྨན་དོན་མི་སྣ་ཅང་ཡ་ཆུང་གིས་གསར་འགོད་པར“སྨན་པ་རིགས་གཅིག་མཁས་ཅན་གྱིས་གཟའ་པ་སངས་ཉིན་གྱི་སྔ་དྲོ་རྟག་ཏུ་ཆུ་ཚོད་3ཙམ་སྤྱད་དེ་ནད་ལྟ་གི་ཡོད། གལ་སྲིད་ནད་པ་མང་པོ་ཡོད་ཚེ་ལས་དུས་ནར་འགྱངས་གནང་གི་ཡོད”ཅེས་བཤད།

    ཅང་ཡ་ཆུང་ལྟ་བུའི་སྨན་དོན་མི་སྣའི་ངོས་ནས་བརྗོད་ན། སྨན་པ་རིགས་གཅིག་མཁས་ཅན་སྡེ་ཁུལ་དུ་ནད་ལྟ་བ་ཕེབས་པ་ནི་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ཤིག་ཡིན་ཞིང་། ཁོང་གིས“སྨན་པ་རིགས་གཅིག་མཁས་ཅན་ཚོས་ང་ཚོར་སྨན་བཅོས་ཤེས་བྱ་དང་ནད་ཐོག་ཉམས་མྱོང་མང་པོ་བསླབས་བྱུང་། ལོ་གཅིག་དང་ལོ་ཕྱེད་ཙམ་རིང་ང་ཚོའི་ལག་རྩལ་ཡང་ཡར་རྒྱས་ཆེན་པོ་ཕྱིན་སོང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།