ཉེ་ཆར་གསར་འགོད་པས་ཆུ་ཤུར་རྫོང་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། དུས་ཚིགས་དང་པོར་སྔོན་དཔག་བྱས་ན་ཆུ་ཤུར་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་13758ཟིན་པ་དེ་དུས་མཚུངས་ལས་22.84%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་ཁྲི་9534བྱས་པ་དེ་དུས་མཚུངས་ལས་25.18%འཕར་བ། ས་གནས་ནོར་སྲིད་ཀྱི་རིམ་པ་དེ་གའི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི་5300ཟིན་ནས་དུས་མཚུངས་ལས་26.55%འཕར་བ། ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི་12420ཟིན་ནས་དུས་མཚུངས་ལས་122%འཕར་བ། སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་ཡོང་འབབ་བསྡོམས་སྒོར་ཁྲི་3553ཟིན་ནས་དུས་མཚུངས་ལས་21.97%འཕར་བ། ཞིང་འབྲོག་པ་མི་རེའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་2890ཟིན་ནས་དུས་མཚུངས་ལས་16.3%འཕར་བ་བཅས་རེད།
གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་ཆེད། ཆུ་ཤུར་རྫོང་གི་རིམ་ཁག་སྡེ་ཚན་ཁག་གིས་རང་གིས་རང་ལ་གནོན་ཤུགས་སྤྲོད་པ་དང་། རང་གིས་རང་ཕུན་སུམ་ཚོགས་སུ་གཏོང་བ། རང་གིས་རང་ལ་འབྲེལ་མཐུད་བྱེད་པ་བཅས་བྱས་ཏེ་རང་འགུལ་ངང་སྣེ་ཁྲིད་དང་། རང་འགུལ་ངང་འགན་འཁུར་བ། རང་འགུལ་ངང་དོན་འཁྱོལ་བཅས་བྱས་ཐོག་ལོ་འཁོར་མོའི་དཔལ་འབྱོར་དམིགས་ཚད་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་པ་རེད།
ཞིང་ལས་དམ་འཛིན་བྱས་ཏེ་རྨང་གཞི་བརྟན་དུ་བཏང་བ། དཔྱིད་རྨོད་ཀྱི་ཕན་ཡོད་གོ་སྐབས་དམ་འཛིན་བྱས་ནས་དམིགས་ཚད་ལེགས་སྒྲིག་བྱེད་པ་དང་དཔྱིད་རྨོད་ལས་འགན་དངོས་སུ་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཤིང་། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཁྱད་ལྡན་དཔལ་འབྱོར་སྐྱེ་དངོས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་མ་ཁ་དང་། ཞོག་ཁོག ནས་ནག ནགས་ཤིང་། མེ་ཏོག་དང་རྩི་ཤིང་སོགས་འདེབས་འཛུགས་བྱ་རྒྱུ་ཁྱབ་གདལ་བཏང་བ་དང་། སྤུས་ལེགས་ནས་དང་། སྔོ་ཚལ་རྟེན་གཞི། བཞོན་མ་གསོ་ཚགས་རྟེན་གཞི། རྒྱུད་སྤེལ་རྟེན་གཞི་སོགས་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་རེད།
བཟོ་ལས་དམ་འཛིན་བྱས་ཏེ་སྟོབས་ཤུགས་ཆེ་རུ་བཏང་བ། བཟོ་ལས་དཔལ་འབྱོར་གྱི་ཕྱོགས་བསྡུས་མཐུན་སྦྱོར་དང་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་བཟོ་ལས་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཧང་ཤིན་ལྕགས་རིགས་དང་། ཨར་འདམ་བཟོ་གྲྭ ཅི་ཧྲེང་མཐོ་བརྩོན། ཡོན་ཕུང་འཛུགས་སྐྲུན་རྒྱུ་ཆ་སོགས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ་རྣམ་གྲངས་སྔ་ཙམ་བསྐྲུན་ནས་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། འཁོར་རྒྱུག་མ་དངུལ་དང་། གློག་ཤུགས། སྐྱེལ་འདྲེན་སོགས་ཞིབ་ཕྲའི་དཀའ་གནད་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་ཧུར་ཐག་བྱས་ནས་ཁེ་ལས་ཀྱི་ཕན་འབྲས་ཆེ་རུ་དང་ནུས་རྒྱུ་ཟད་གྲོན་ཆེ་བའི་ཁེ་ལས་ལས་འགོ་འཛུགས་རྒྱུར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་པ་རེད།
ཐོན་ལས་གསུམ་པར་དམ་འཛིན་བྱས་ཏེ་གསོན་ཤུགས་ཆེ་རུ་བཏང་བ། ཡུལ་སྐོར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ལ་གཏོང་ཆ་ཇེ་ཆེར་བཏང་སྟེ་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་རྟེན་གཞིའི་ལྟ་སྐོར་ཡུལ་སྐོར་ས་ཚིགས་ཧུར་ཐག་བཏོད་ཐོག་ས་གཙང་བདེ་ཐང་ཐོན་ལས་ཀྱི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་མ་ལག་རིམ་བཞིན་ཆགས་པ་དང་། བདེ་སྐྱིད་གྲོང་ཚོ་དང་ཚལ་སྣ་གྲོང་ཚོའི་ཚོང་དོན་ལྟེ་གནས་གཉིས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ཐོག་གྲོང་གསེབ་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ་རེད།
མ་འཇོག་དམ་འཛིན་བྱས་ཏེ་འདེགས་སྐྱོར་ཆེ་རུ་བཏང་བ། ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ་ཚལ་སྣ་ཤང་གི་ཤེལ་སྒོའི་དྲོད་ཁང་དང་། ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་མཚར་པ་ནང་གྲོང་ཚོའི་མ་ཡུར་གྱི་ཆུ་གྲོན་ཆུང་གི་ལེ་ལག་ཚང་བའི་སྒྱུར་བཀོད། ཆུ་ཤུར་རྫོང་མཚར་པ་ནང་གི་ཆན་ཕུའུ་220ཡི་གློག་སྒྱུར་ས་ཚིགས་སོགས་འཛུགས་སྐྲུན་ལས་འགོ་བཙུགས་པའི་རྣམ་གྲངས་ཀྱི་མྱུར་ཚད་དམ་འཛིན་དང་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱས་པ་དང་། རྒྱལ་ལམ་318ལམ་རྒྱུད་ཀྱི་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་། 2014ལོའི་ཤང་གྲོང་གི་ལས་ཤག ཆུ་ཤུར་རྫོང་གི་དབང་པོ་སྐྱོན་ཅན་བདེ་ཐང་སླར་གསོ་ཞབས་ཞུ་ལྟེ་གནས་སོགས་འཛུགས་སྐྲུན་ལས་འགོ་འཛུགས་གྲབས་ཡོད་པའི་རྣམ་གྲངས་ཀྱི་འགྲོ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས་ལས་འགོ་མ་བཙུགས་གོང་གི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཐོག་དུས་ཐོག་ཏུ་འཛུགས་སྐྲུན་ལས་འགོ་འཛུགས་ཐུབ་པའི་འགན་ལེན་བྱས་པ་རེད།