ཏང་གི་ཡང་དག་པའི་མཛད་ཕྱོགས་སྲིད་ཇུས་བཟང་པོའི་འོག མི་རིགས་གང་འདྲ་ཞིག་ཡིན་ན་ཡང་། དེར་རང་མི་རིགས་ཀྱི་སྐད་དང་ཡི་གེ་རྒྱུན་འཛིན་དང་མ་ཉམས་གོང་འཕེལ་གཏོང་བའི་དོར་མེད་ཀྱི་འོས་འགན་ཡོད་ལ། དེ་དང་འབྲེལ་བའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་ཡང་རྒྱུན་འཛིན་དང་གོང་འཕེལ་གཏོང་བའི་འགན་འཁྲི་ཡང་ཡོད། འདིར་གུས་མོས་ལོ་མང་བོད་སྐད་ཡིག་སློབ་ཁྲིད་བྱས་པའི་སློབ་གསོའི་ཉམས་མྱོང་ཐོག་ནས་སློབ་ཆུང་སློབ་མར་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་བརྟན་དུ་ཇི་ལྟར་གཏོང་དགོས་པའི་སྐོར་ཅུང་ཟད་གླེང་བར་བྱའོ།
གཅིག དགེ་རྒན་གྱིས་སློབ་མར་མིག་དཔེ་བཟང་པོ་འདོན་དགོས།
སྤྱིར་དགེ་རྒན་ཞིག་ཡིན་ཕྱིན། སྤྱོད་པ་གཙང་ལ་སློབ་ཁྲིད་བྱེད་མཁས་པ་དང་གཞན་ཕན་གྱི་བསམ་སྤྱོད་ལ་བརྟེན་ནས་མ་འོངས་པའི་བུ་ཕྲུག་ཚོར་ཤེས་བྱ་སློབ་དགོས་པ་ནི་སྨོས་ཅི་དགོས། ཡིན་ནའང་དགེ་རྒན་ཁ་ཤས་ཀྱིས་རང་གི་ཁ་དང་ལུས་ནས་ཐ་དྲི་འཚུབ་འཚུབ་ངང་སློབ་ཕྲུག་ཚོར་ཐ་མག་འཐེན་ན། ལུས་པོར་གནོད་པ་དང་ཁོར་ཡུག་ལ་གནོད་པ་སོགས་ཀྱི་སློབ་གསོ་རྒྱག་པ་དང་། ཡང་དགེ་རྒན་འགའ་རེས་རང་ཉིད་ཀྱིས་སྐད་ར་མ་ལུག་རྒྱག་གིན་སློབ་མ་ཚོར་ཕ་སྐད་གཙང་མ་ཞིག་རྒྱག་རྒྱུ་གལ་ཆེ་བ་སོགས་བརྗོད་ཀྱི་ཡོད། དགེ་རྒན་གྱི་བྱང་ཚད་མཐོ་དམན་གྱིས་སློབ་མར་ཤུགས་རྐྱེན་ཆེས་ཆེར་ཐེབས་ཀྱི་ཡོད་པས། དགེ་རྒན་རང་ཉིད་ཀྱི་བྱང་ཚད་མཐོ་པོ་མེད་ན། སློབ་མ་རྣམས་བྱང་ཚད་མཐོ་བའི་མི་སྣར་འགྱུར་རྒྱུ་ནི་ཧ་ཅང་དཀའ་ལ། དེ་བཞིན་དགེ་རྒན་རང་ཉིད་ལ་སློབ་མའི་བརྩི་བཀུར་དང་དགའ་ཞེན་ཐོབ་འདོད་ན། དང་ཐོག་རང་ཉིད་ཀྱི་ཕྱིའི་སྤྱོད་ཚུལ་དང་ནང་གི་ཀུན་སྤྱོད་ཚང་མར་རེ་བ་ནན་པོ་ཞིག་བཅོལ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ། ལྷག་པར་དུ་བོད་སྐད་ཡིག་གི་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། བོད་རིགས་ཀྱི་གཤིས་སྤྱོད་དང་ལུགས་སྲོལ་མ་ཉམས་པའི་སྟེང་རྒྱུན་དུ་ཡ་རབས་ཚུལ་མཐུན་གྱི་སྐད་ཆ་ཤོད་པ་དང་ཞེ་ཚིག་མང་ཙམ་བཀོལ་བ། དེ་བཞིན་སྔོན་བྱོན་མཁས་པའི་ལེགས་བཤད་སོགས་དྲངས་ནས་སློབ་མར་ཆུང་དུས་ནས་རིག་གནས་ཇི་ལྟར་སྦྱོང་དགོས་ཚུལ་དང་གུས་ལུགས་སོགས་བསླབ་རྒྱུ་ནི་ཤིན་ཏུ་གལ་ཆེ། དེ་ཡང་སློབ་ཆུང་གི་དུས་རིམ་ནི་རྨང་གཞིའི་ཤེས་བྱ་སྦྱོང་བ་དང་། མི་ཚེའི་འགྲོ་ལམ་དུ་གོམ་པ་དང་པོ་སྤོ་བའི་དུས་ཤིག་ཡིན་པས། སློབ་མ་ཚོར་ཤེས་བྱ་ཡོན་ཏན་སློབ་དང་སྦྲགས་ཚུལ་དང་མཐུན་པའི་མི་བཟང་པོ་ཞིག་ཇི་ལྟར་བྱ་དགོས་པའི་སློབ་གསོ་གཏོང་རྒྱུ་ནི་དོ་གལ་ཧ་ཅང་ཆེའོ།
གཉིས། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སློབ་མའི་མོས་པ་སྐྱེད་སྲིང་བྱེད་དགོས།
སློབ་ཆུང་གི་དུས་ནས་དགེ་རྒན་གྱིས་སློབ་མར་སྐད་ཡིག་གི་གལ་ཆེའི་རང་བཞིན་གྱི་སློབ་གསོ་གཏོང་དགོས་ཏེ། སྐད་ཡིག་ནི་སློབ་ཚན་གཞན་པ་སྦྱོང་བའི་རྨང་གཞིའམ་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཞིག་ཡིན་ལ། ཡིག་གཟུགས་ལེགས་པོ་མེད་ན། ཁ་ཀྱོག་རྣ་རྡིབས་ཀྱི་བུ་མོ་ན་ཆུང་དང་འདྲ་བ། དག་ཆ་མེད་ན་སྐྱེ་བོར་སྲོག་གི་དབང་པོ་མ་ཞུགས་པ་དང་འདྲ་བ་སོགས་ཀྱི་བོད་སྐད་ཡིག་སྦྱོང་བའི་གལ་ཆེའི་རང་བཞིན་དང་དགོས་མཁོའི་རང་བཞིན་ནན་གྱིས་བཤད་ནས་སློབ་མའི་ཀུན་སློང་དང་བརྩོན་སེམས་སྐྱེད་སྲིང་བྱེད་དགོས།
“རིག་པ་ནངས་པར་འཆི་ཡང་བསླབ། ཚེ་འདིར་མཁས་པར་མ་གྱུར་ཀྱང་། སྐྱེ་བ་ཕྱི་མར་བཅོལ་བ་ཡིས། ནོར་ལ་རང་ཉིད་ལེན་དང་མཚུངས”ཞེས་ས་པན་གྱིས་གསུངས་པ་ལྟར་ཚེ་གང་སློབ་སྦྱོང་བྱ་རྒྱུ་ནི་དགེ་སློབ་ཚང་མའི་དོར་ཐབས་མེད་པའི་འོས་འགན་ཞིག་ཡིན་པའི་བསམ་བློའི་འཁྱེར་སོ་དང་མི་ཚེའི་ལྟ་བ་སྐྱེད་སྲིང་བྱས་ཏེ་བོད་སྐད་ཡིག་ལ་སྦྱངས་པ་ཆུ་མོའི་རྒྱུན་ལྟར་བྱེད་དགོས་སློབ་གསོ་གཏོང་བ་དང་། དེ་བཞིན་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལྟ་བུ་མང་ཙམ་བརྗོད་ནས་དཀའ་སྤྱད་དང་བཟོད་བསྲན་བྱས་ན། བསྒྲུབ་བྱའི་བྱ་བ་གང་ཞིག་ཡིན་རུང་། ཐ་མ་གྲུབ་འབྲས་ཐོབ་སྲིད་པའི་གནས་ལུགས་རྒྱུ་མཚན་བཤད་ནས་སློབ་མར་ཆུང་དུས་ནས་དཀའ་སྤྱད་བཟོད་བསྲན་ཐུབ་པའི་བསམ་བློའི་འདུ་ཤེས་སྐྱེད་སྲིང་བྱས་ནས་བོད་སྐད་ཡིག་ཚུད་པའི་སྦྱང་བྱའི་ཡོན་ཏན་ཀུན་ལ་བརྩོན་པ་བྱེད་དགོས་པའི་སློབ་གསོ་བརྒྱབ་དགོས།
གསུམ། སྲོལ་རྒྱུན་གྱི་སློབ་ཚན་ཁྲིད་སྟངས་ལ་འགྱུར་བ་གཏོང་དགོས།
དེང་གི་ཆར་སློབ་གསོའི་སྒྲིག་གཞི་གོང་འོག་ཚང་མས་བྱང་ཚད་སློབ་གསོ་དར་སྤེལ་ཤུགས་ཆེན་གཏོང་བཞིན་ཡོད། དགེ་རྒན་གྱིས་འཆད་རྐྱང་དང་སློབ་མས་ཉན་རྐྱང་ངམ་དགེ་རྒན་གྱིས་དྲི་བ་འདོན་པ་དང་སློབ་མས་ལན་འདེབས་པའི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་དེས་སློབ་ཕྲུག་དུས་ནམ་ཡང་གཞན་དབང་གི་གནས་སུ་གྱར་གྱི་ཡོད། དེས་ན་སློབ་ཚན་ཁྲིད་སྟངས་ལ་འགྱུར་ལྡོག་གཏོང་དགོས་པ་ནི་དུས་རབས་ཀྱི་དགོས་མཁོ་དང་བསླབ་གཞི་གསར་པའི་སློབ་ཁྲིད་ཀྱི་བླང་བྱ་ཡང་ཡིན་པས། སློབ་ཚན་ཁྲིད་སྐབས་སློབ་མའི་དགའ་ཕྱོགས་དང་བསྟུན་ནས་བློ་སྒོ་འབྱེད་པའམ་བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་བའི་ཐབས་ལ་འབད་དགོས་པ་ནི་སློབ་ཁྲིད་ཀྱི་ཐབས་མཆོག་ཅིག་རང་ལགས། དེ་ཡང་། ང་ཚོ་དགེ་རྒན་གྱིས་རྟག་ཏུ་སློབ་ཚན་འཆར་འགོད་ཞིབ་ཚགས་དང་སློབ་ཁྲིད་ཡོ་བྱད་གང་ལ་གང་འཚམ་གྲ་སྒྲིག་བྱེད་དགོས་པ་གང་ཞིག སློབ་མའི་རིག་སྟོབས་ལ་གཞིགས་ནས་སློབ་མ་ཚོར་བསམ་གཞིག་དང་ལག་པ་འགུལ་དུ་འཇུག་དགོས། དེ་བཞིན་རྒྱུན་དུ་སློབ་མས་བརྗོད་པ་དང་། རྩོམ་ཐུང་། ཟིན་ཐོ་སོགས་བྲིས་པ་གང་རུང་དེ་ཡག་པོ་དེ་ཙམ་མེད་ཀྱང་བོད་ཡིག་དགེ་རྒན་གྱིས་ཡག་པོ་འདུག་ཅེས་བསྔགས་བརྗོད་དང་སྦྲགས། ད་དུང་ཤུགས་རྒྱོབ་ཤོག་ཅེས་སྐུལ་ལྕག་གཏོང་དགོས། དེ་ལྟར་བྱས་ཚེ་སློབ་མ་དེའི་སྦྱོང་འདོད་འབྲི་འདོད་ཀྱི་སེམས་ཤུགས་འཕེལ་ཐུབ། གལ་ཏེ་སློབ་གསོ་གཏོང་སྐབས“ཁྱོད་ཀྱིས་བྲིས་པ་དེ་ཡག་པོ་མི་འདུག ཁྱོད་རང་ལས་ལྐུགས་པ་དང་ཐབས་སྐྱོ་བ་མི་འདུག”སོགས་ཀྱི་ཚིག་རྩུབ་སྨྲས་ཚེ། སློབ་མའི་སེམས་ཤུགས་ཉམས་ནས་སླར་ཡང་བརྩོན་པ་བྱེད་མི་སྲིད་པས། ང་ཚོས་ཚང་མས་དེའི་ཐད་དོ་སྣང་ཆེན་པོ་བྱེད་དགོས།
མདོར་ན། ལོ་ཆུང་བྱིས་པ་རྣམས་ནི་གསར་བཞད་ཀྱི་མེ་ཏོག་ཆུང་ཆུང་དང་མ་འོངས་པའི་མེས་རྒྱལ་གྱི་བདག་པོ། འབྱུང་འགྱུར་གྱི་རེ་བ་བཅོལ་ཡུལ་བཅས་ཡིན་པས་ང་ཚོ་དགེ་རྒན་གྱིས་སློབ་མར་ཆུང་དུས་ནས་སློབ་སྦྱོང་ལ་དགའ་བའི་བློ་ཞིག་རྒྱུད་ལ་སྐྱེས་པ་བྱས་ཏེ་སློབ་མ་ཚོར་བོད་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་འདིང་བར་འབད་དགོས་སོ།
(ནག་ཆུ་ས་ཁུལ་ཉི་མ་རྫོང་ཆ་ཚང་སློབ་ཆུང་གི་དབང་སྒྲོན)