བྱིས་པའི་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་པར་གཙོ་བོ་ནི་དགེ་རྒན་ལ་རག་ལུས་ཡོད། གལ་ཏེ་དགེ་རྒན་གྱིས་སློབ་གསོ་སློབ་ཁྲིད་ཁྲོད་སྤྲོ་སྣང་ལྡན་ལ་འཁྲུག་ཆ་དོད་པའི་ཁོར་ཡུག་ཅིག་བསྐྲུན་ཚེ། སློབ་མའི་གསར་གཏོད་ཀྱི་ནུས་པ་ཆེ་རུ་འགྲོ་བར་སྐུལ་འདེད་ཆེན་པོ་ཐེབས་ཀྱི་འདུག གཤམ་དུ་བོད་ཡིག་སློབ་ཁྲིད་ནང་ལོ་རིམ་དམའ་བའི་སློབ་མར་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་ཇི་ལྟར་བྱེད་དགོས་པའི་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་ཕྲན་ཙམ་གླེང་བར་བྱའོ།
དང་པོ། སློབ་ཁྲིད་བྱེད་སྐབས་མོས་པ་སྐྱེད་སྲིང་བྱེད་དགོས།
མོས་པ་ནི་གསར་གཏོད་ཀྱི་རྒྱལ་སྒོ་དབྱེ་བའི་ལྡེ་མིག་ལྟ་བུ་ཞིག་ཡིན་ཞིང་། སློབ་ཚན་ལ་མོས་པ་ཆེན་པོ་བྱུང་ཚེ། སློབ་མའི་ཡིད་དབང་འཕྲོག་སྲིད་ལ། བསམ་གཞིག་གི་ནུས་པ་གོང་མཐོར་འགྲོ་སྲིད་པ་ནི་སྨོས་མེད་རེད། སློབ་ཁྲིད་ལ་མོས་པ་ལྡན་པ་ན། སློབ་མའི་སྦྱོང་འདོད་ཤེས་འདོད་ཀྱི་བློ་ཞིག་སྐྱེ་བཞིན་ཡོད་པས། དེ་ཡང་ཚན་རིག་མཁས་ཅན་ཨའེ་དབྱིན་སི་ཐན་གྱིས“མོས་པ་ནི་དགེ་རྒན་ལེགས་ཤེས་དེ་ཡིན”ཞེས་གསུངས་མྱོང་ཡོད། འོན་ཀྱང་སྲོལ་རྒྱུན་གྱི་སློབ་གསོ་སློབ་ཁྲིད་ནང་ལོ་རིམ་དམའ་བར་ཡིག་ངོ་ཆོད་རྒྱུ་གཙོ་གནད་དུ་འཛིན་བཞིན་ཡོད། དེ་ཡང་ལྟ་ཀློག་སློབ་ཚན་ནི་སྔོན་ལ་ཡིག་ངོ་ཆོད་པ་བྱེད་པ་དང་། དེ་ནས་ཀློག་པའི་ལམ་དུ་འཇུག་པ། མཇུག་ཏུ་སྲ་བརྟན་གཏོང་བའི་རྣམ་པ་ཞིག་ཏུ་གྱུར་ཡོད་པ་དང་། ཡང་ངེས་སྦྱོང་སློབ་ཚན་གསར་པ་ཁྲིད་སྐབས་དང་ཐོག་རྟག་ཏུ་མིང་ཚིག་གི་གོ་དོན་འགྲེལ་ཐོག་དེ་ནས་སློབ་ཚན་ཀློག་སྟངས་སློབ་ཀྱི་ཡོད། དོན་དངོས་ཐོག་འགྱུར་མེད་ཀྱི་ལུགས་སྲོལ་དེ་དག་ལས་སློབ་མའི་བློ་ངོར་སུན་སྣང་སྐྱེ་བཞིན་ཡོད་པས། གསར་གཏོད་ཀྱི་ནུས་པ་འཕེལ་བ་བྱ་རྒྱུ་ནི་རི་བོང་གི་རྭ་ལྟ་བུ་རེད། དེར་བརྟེན་རྣམ་ཀུན་ཡིག་ངོ་ཆོད་རྒྱུ་དང་ཀློག་སྟངས་སློབ་སྐབས་སློབ་མའི་ནུས་རྩལ་གསོ་སྐྱོང་བྱ་དགོས་པ་སྟེ། སློབ་མའི་བསམ་གཞིག་བྱེད་སྟངས་ནས་སྒོ་བཙུགས་ཏེ་གསར་གཏོད་ཀྱི་ནུས་པ་གོང་མཐོར་གཏོང་དགོས་པ་དང་། སློབ་ཚན་གྱི་བརྒྱུད་རིམ་དང་ཐབས་ཤེས་ལ་འཆར་འགོད་མི་འདྲ་བ་བྱེད་དགོས། དེ་ཡང་སློབ་ཚན་ཀློག་གིན་དུ་མིང་ཚིག་འགྲེལ་བཤད་བྱེད་པ་དང་ཡང་མིང་ཚིག་འགྲེལ་བཤད་བྱེད་ཀྱིན་དུ་སློབ་ཚན་ཀློག་པ་སོགས་བྱེད་དགོས། མདོར་ན། ཡིག་ངོ་ཆོད་རྒྱུ་དེ་འབྲི་ཀློག་མཉམ་བསྲེས་ཀྱི་སྦྱོང་བརྡར་ཁྲོད་ལེགས་པར་སྒྲུབ་དགོས།
གཉིས་པ། སློབ་ཚན་ཁྲིད་སྟངས་སྣ་ཚོགས་སྤྱོད་དགོས།
སྲོལ་རྒྱུན་གྱི་སློབ་ཁྲིད་རྣམ་པ་ནི་དགེ་རྒན་གྱི་འཆད་རྐྱང་དང་སློབ་ཕྲུག་གི་ཉན་རྐྱང་བྱེད་པའམ། ཡང་ན་དགེ་རྒན་གྱི་དྲི་བ་འདོན་པ་དང་སློབ་ཕྲུག་གི་ལན་འདེབས་པ་སོགས་བྱེད་བཞིན་ཡོད་པས། སློབ་ཕྲུག་དུས་ནམ་ཡང་གཞན་དབང་གི་གནས་སུ་གྱར་གྱི་ཡོད། དེར་བརྟེན་སློབ་ཚན་ཁྲིད་སྟངས་ལ་འགྱུར་ལྡོག་གཏོང་དགོས་པ་ནི་དུས་རབས་ཀྱི་དགོས་མཁོ་དང་། སློབ་གསོའི་བླང་བྱའང་ཡིན་པས། སློབ་ཚན་ཁྲིད་སྟངས་ལ་འགྱུར་ལྡོག་གཏོང་དགོས་པ་ནི་ཨ་ཅང་བརྗོད་མེད་ཅིག་ལགས། ད་འོ་ན་འགྱུར་ལྡོག་ཇི་ལྟར་གཏོང་དགོས་ཤེ་ན། དེ་ཡང་སློབ་ཚན་ཁྲིད་སྐབས་སློབ་མའི་དགའ་ཕྱོགས་དང་བསྟུན་ནས་བློ་སྒོ་འབྱེད་པའམ་བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་བ་སོགས་བྱེད་དགོས་ལ། སློབ་ཚན་གྱི་ནང་དོན་མི་འདྲ་བར་གཞིགས་ནས་སློབ་ཁྲིད་བྱ་ཐབས་སྣ་ཚོགས་སྤྱོད་དགོས། དཔེར་ན། 《གཟིག་ལྤགས་གྱོན་པའི་བོང་བུ》ཞེས་པའི་སློབ་ཚན་ལ་ཆ་བཞག་ནས་བཤད་ན། སློབ་ཚན་འདི་ནི་བྱིས་སྒྲུང་ཞིག་རེད། གལ་ཏེ་ང་ཚོས་ཟློས་གར་གྱི་རྣམ་པའི་ཐོག་ནས་སྔོན་ལ་དུམ་བུ་རེ་རེ་བཞིན་བཀླགས་པ་དང་དེ་ནས་འཁྲབ་སྟོན་བྱེད་དུ་འཇུག་ན། འཁྲབ་སྟོན་གྱི་བརྒྱུད་རིམ་ནང་ཁོ་ཚོའི་བསམ་གཞིག་གི་ནུས་པ་དང་གོ་བརྡ་སྤྲོད་པའི་ནུས་པ་སོགས་ལ་སྦྱོང་བརྡར་ཐེབས་སྲིད།
གསུམ་པ། སློབ་མའི་ལྟ་ཞིབ་ཀྱི་ནུས་པར་སྦྱོང་བརྡར་སྤྲོས་དགོས།
ལྟ་ཞིབ་ཀྱི་ནུས་པ་ནི་གང་ཞིག་གསར་གཏོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད་ལ། ཕྱི་རོལ་འཇིག་རྟེན་ལ་ངོས་འཛིན་བྱེད་པའི་རྨང་གཞི་ཞིག་ཀྱང་རེད། ལོ་རིམ་དམའ་བའི་སློབ་མ་ནི་གཟུགས་སུ་བཀོད་པའི་བསམ་གཞིག་བྱེད་མཁས་པ་ལས་སྤྱི་མཚན་དུ་གྱུར་པའི་བསམ་གཞིག་དེ་ཙམ་བྱེད་ཤེས་ཀྱི་མེད། དེས་ན་ང་ཚོ་དགེ་རྒན་གྱིས་རྟག་ཏུ་ཞིབ་ཚགས་པོས་སློབ་ཚན་འཆར་འགོད་བྱེད་པ་དང་དམར་ཁྲིད་ཡོ་ཆས་རྣམས་ཐབས་མཁས་པོས་སྤྱོད་དགོས། དེ་ཡང་སློབ་མའི་རིག་སྟོབས་ལ་གཞིགས་ནས་སློབ་མ་ཚོར་རི་མོར་ལྟ་ཞིབ་དང་ལག་པ་འགུལ་བ་སོགས་བྱེད་དུ་འཇུག་དགོས། དེ་ལྟར་བྱས་ན། མིང་ཚིག་གསར་པ་རྣམས་ངང་གིས་ཤེས་འགྲོ་བ་དང་ཆབས་གཅིག་སློབ་ཚན་གྱི་ནང་དོན་ཡང་ཞོར་དུ་རྟོགས་ཐུབ། དེས་ན་སློབ་མ་ཚོས་ཀྱང་སློབ་ཚན་དེ་ལྟར་འཚོགས་ན། ཕན་ཐོགས་ཆེན་པོ་འདུག་ཅེས་ཡང་ཡང་བརྗོད་ཀྱི་འདུག་ལ། རྣམ་ཀུན་སློབ་ཚན་ཁྲིད་སྐབས་སློབ་ཁང་དུ་སྤྲོ་སྣང་གིས་རྣམ་པས་ཁེངས་ནས་སློབ་མའི་ངོ་གདོང་ནས་ངལ་དུབ་ཀྱི་སྣང་བ་ཡེ་ནས་མཐོང་རྒྱུ་མི་འདུག
བཞི་པ། སློབ་མར་སྐད་ཆ་མང་ཙམ་འདྲི་རུ་འཇུག་དགོས།
སྐད་ཆ་འདྲི་བ་ནི་ཤེས་རིག་འཕེལ་བའི་འབྱུང་ཁུངས་ཡིན། ཚན་རིག་པས་གསར་གཏོད་གནང་བ་མང་པོ་ཞིག་སྐད་ཆ་དྲིས་པ་ལས་བྱུང་བ་ཡིན། དོན་དུ་སློབ་སྦྱོང་བྱེད་པ་དེ་ཡང་གནད་དོན་གསར་པ་འཚོལ་བ་དང་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཞིག་ལགས། གལ་ཏེ་གནད་དོན་མེད་ཚེ་ཤེས་རིག་གི་མེ་ཕུང་ཡང་ཤི་ནས་ཡར་རྒྱས་ཀྱི་མེ་སྟག་འཕྱུར་མི་སྲིད། དེར་བརྟེན་ངས་རྒྱུན་དུ་སློབ་ཁྲིད་བྱེད་སྐབས་སློབ་མ་ཚོར་དྲི་བ་འདོན་པར་བསྐུལ་གྱི་ཡོད། དང་ཐོག་སློབ་མས་དྲི་བ་འདོན་དུས་སློབ་ཚན་དང་འབྲེལ་བ་མེད་པའི་དྲི་བ་འདོན་གྱི་འདུག་ལ། སྐབས་རེ་དགེ་རྒན་གྱི་བསམ་ཡུལ་ལས་འདས་པའི་དྲི་བ་བཏོན་ནས་ཁྱེད་ལན་འདེབས་མ་ཐུབ་པ་ཡང་བཟོ་བཞིན་འདུག དེའི་སྐབས་སུ་ང་ཚོས་ངང་རྒྱུད་རིང་པོའི་སྒོ་ནས་ཁོ་ཚོ་དང་གྲོས་བསྡུར་བྱས་ནས་ཁོ་ཚོར་སྔོན་ལ་སློབ་ཚན་དང་འབྲེལ་བ་ཟབ་པའི་དྲི་བ་འདོན་པར་བསྐུལ་དགོས། དེ་ལྟར་བྱས་ཚེ། གཅིག་ནས་སློབ་མའི་ཧུར་བརྩོན་རང་བཞིན་ལ་སྐོང་འཐེན་ཐུབ་པ་དང་། གཉིས་ནས་སློབ་མའི་དོ་སྣང་བྱ་ཡུལ་གྱི་གནད་དོན་གཅིག་ཏུ་འགྱུར་སྲིད། དེ་ལྟར་གང་ལ་གང་འཚམ་གྱི་སྦྱོང་བརྡར་བྱས་པ་བརྒྱུད་སློབ་མས་རང་དགར་འདྲི་བ་ནས་རིམ་གྱིས་དམིགས་ཡུལ་ཡོད་པའི་སྒོ་ནས་འདྲི་བའི་ཕྱོགས་སུ་འགྲོ་བཞིན་འདུག་ལ། འདྲི་གཞིའི་སྤུས་ཚད་ཀྱང་གོང་མཐོར་འགྲོ་གི་འདུག
“རྒྱུན་དུ་གནད་དོན་ཐག་གཅོད་པ་ལས་འདོན་པ་ནི་གལ་ཆེ། གང་ལགས་ཤེ་ན། གནད་དོན་ཐག་གཅོད་པ་ནི་རྟག་ཏུ་རྩིས་རིག་གམ་ཚོད་ལྟའི་རྩལ་ནུས་ཤིག་རེད། འོན་ཏེ་གནད་དོན་གསར་པ་འདོན་པ་ནི་ལྟ་ཕྱོགས་གསར་པ་ཞིག་ནས་གནད་དོན་རྙིང་པར་དབྱེ་ཞིབ་བྱས་པ་ཞིག་ཡིན་པས། གསར་གཏོད་ཀྱི་ནུས་པ་ལྡན་པའི་བློ་ཞིག་དགོས”ཞེས་ཚན་རིག་མཁས་ཅན་ཨའེ་དབྱིན་སི་ཐེན་གྱི་བརྗོད་མྱོང་ཡོད། དེར་བརྟེན་སློབ་གསོ་སློབ་ཁྲིད་ཀྱི་ཁྲོད་དགེ་རྒན་གྱིས་རྒྱུན་གཏན་ནས་སློབ་མ་ཚོར་གནད་དོན་ལ་བསམ་གཞིག་མང་ཙམ་བྱེད་པར་བསྐུལ་ན། དོགས་གནད་སེལ་རྒྱུར་དགའ་བ་དང་གནད་དོན་འཚོལ་རྒྱུར་སྤྲོ་བ་ཞིག་ཆགས་ཐུབ་པ་མ་ཟད། གང་དེ་ཡང་སློབ་མའི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུ་ཞིག་ཏུ་འགྱུར་སྲིད་དོ།
བརྒྱ་བཤད་སྟོང་བཤད་བྱས་ཀྱང་། ཡོས་ལ་འབབ་རྒྱུ་རྩམ་པ་ཞེས་པ་ལྟར། མདོར་ན། སློབ་ཁང་སློབ་ཁྲིད་ནི་སློབ་མའི་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱེད་པའི་གོ་སྐབས་བཟང་པོ་ཞིག་རེད། དེར་བརྟེན་ང་ཚོས་སློབ་ཁང་སློབ་ཁྲིད་ཀྱི་ཁྲོད་སློབ་མའི་འབྲི་ཀློག་ཉན་བཤད་ཀྱི་སྦྱོང་བརྡར་བྱེད་སྐབས་རྟག་ཏུ་ཁོང་ཚོར་སློབ་མའི་བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱས་ནས་སློབ་མའི་ལྟ་ཞིབ་ཀྱི་ནུས་པ་དང་གནད་དོན་ཐག་གཅོད་ཀྱི་ནུས་པ་སོགས་སྐྱེད་སྲིང་བྱེད་དགོས། ད་དུང་བསླབ་གཞིའི་གསར་པའི་སྒྱུར་བཅོས་ཀྱི་བླང་བྱ་ལྟར་སློབ་ཁྲིད་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་སྲོལ་རྒྱུན་གྱི་དགེ་རྒན་གྱིས་བཤད་རྐྱང་དང་སློབ་མས་ཉན་རྐྱང་བྱེད་པའི་སློབ་ཁྲིད་བྱེད་ཐབས་རྙིང་པ་དེར་སྒྱུར་བཅོས་མཐར་ཕྱིན་པ་ཞིག་བཏང་ནས་བོད་ཡིག་གི་རྨང་གཞིའི་ཤེས་བྱ་སྦྱོང་བརྡར་དང་ཆབས་ཅིག་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་པར་མཐོང་ཆེན་བྱས་ན། བོད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་དེ་སྐས་རིམ་གསར་པ་ཞིག་ལ་སླེབས་ལ། སློབ་མའི་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་ལེགས་པར་ཐུབ་སྙམ་མོ།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཏན་སློབ་ཆུང་གི་ཆུང་སྐྱིད)