རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་འགྲོ་བར་ཐབས་ལམ་ཉག་གཅིག་ཡོད་པ་དེ་ནི་སློབ་གསོ་ཡིན། སློབ་གསོ་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་དགོས་ན་གཙོ་བོ་སློབ་གསོ་སྒྲུབ་མཁན་གྱི་ཕྱོགས་ཡོངས་ཀྱི་ཤེས་བྱའི་བྱང་ཚད་དེ་དུས་རབས་ཀྱི་འགྱུར་བ་ལས་བྱུང་བའི་སྤྱི་ཚོགས་འཕེལ་རྒྱས་དང་། ཛམ་གླིང་འཕོ་འགྱུར། ཚན་རིག་དར་ཁྱབ། ཆ་འཕྲིན་ཀུན་ཁྱབ་བཅས་ཀྱི་གོམ་འགྲོས་དང་བསྟུན་གང་ཐུབ་བྱ་རྒྱུ་དེ་ཡིན། དེ་ཡང་མཁས་དབང་དོར་ཞིས། མི་རིགས་རང་ཉིད་ཤེས་རབ་སྙིང་སྟོབས་ཀྱིས།། ཡར་རྒྱས་གོམ་པ་རང་སྤོས་མ་བྱས་པར།། གཞན་གྱིས་སྐྱོར་ཅིང་ལམ་ཁྲིད་ལ་བརྟེན་ན།། བསྐལ་བརྒྱར་འདས་ཀྱང་རྗེས་ལུས་ཉིད་ལས་མེད།། ཅེས་གསུངས་པ་ལྟར། ང་ཚོ་བོད་མི་རིགས་འདི་མེས་པོའི་དུས་རབས་སུ་རིག་གནས་དང་གང་ཅིར་གཞན་དྲིང་འཇོག་མི་དགོས་པ་ཞིག་ཡོད་ཀྱང་ཕྱིས་སུ་འཛམ་གླིང་བཟོ་ལས་གསར་བརྗེ་བྱུང་བ་ནས་འགོ་བཙུགས་ཏེ་འཛམ་གླིང་གི་ཚན་རིག་ལག་རྩལ་དང་ཐོག་འཕེལ་རྒྱས་འགྲོ་བའི་དུས་རབས་དང་གོམ་འགྲོས་གཅིག་མཐུན་མ་བྱུང་བར་ལྟ་བ་རྙིང་པ་གཙིགས་སུ་འཛིན་པ་དང་འཛམ་གླིང་རྟོགས་པའི་ཆ་འཕྲིན་བསང་པོ་མེད་པར་རྗེས་ལུས་ཀྱི་འཐིབས་ཞྭ་རང་རེའི་མགོ་ལ་གྱོན།
དུས་རབས་ཉི་ཤུ་པའི་དུས་དཀྱིལ་དུ་བོད་ལ་བཅིངས་འགྲོལ་བཏང་བ་ནས་བཟུང་། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་རོགས་རམ་འོག་དེ་སྔོན་དང་བསྡུར་ན་ཚན་རིག་དང་ཆ་འཕྲིན་ལག་རྩལ་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད་ཀྱང་རྗེས་ལུས་ཀྱི་རྣམ་པ་དེར་འགྱུར་ལྡོག་རྦད་དེ་གཏོང་དགོས་ན་དང་ཐོག་སློབ་གསོར་རག་ལུས་ཡོད། སློབ་གསོའི་རྣམ་པ་དེར་འགྱུར་ལྡོག་གཏོང་དགོས་བསམ་ན་སློབ་ཁང་སློབ་ཁྲིད་དེ་ཆ་འཕྲིན་ཅན་དུ་འགྱུར་བ་བྱ་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་དེ་ཡིན། ཉེ་ལམ་རང་ཉིད་ཀྱི་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་ལས་གྲོལ་ཏེ་དེང་སྐབས་ཀྱི་སློབ་གསོའི་རྣམ་པ་དང་སློབ་ཁྲིད་ཀྱི་ནང་དོན་དང་བྱེད་ཐབས་སོགས་བསྒྱུར་བཅོས་བྱས་ནས་སློབ་ཁང་སློབ་ཁྲིད་ནང་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་གཏོང་བའི་དགེ་མཚན་འགའ་དཔེ་མཚོན་དུ་བརྗོད་ན།
དང་པོ། ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱས་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་འཕེལ་བ་བྱེད་དགོས།
སློབ་ཆུང་སློབ་མས་སློབ་སྦྱོང་ལ་ཧུར་བརྩོན་འཕེལ་བའི་འགུལ་ཤུགས་ལེགས་ཤོས་ནི་སྦྱོང་སེམས་ཡིན། དེ་ནི་ཆེས་རྒྱུན་མ་ཆད་པའི་འགུལ་ཤུགས་ལེགས་ཤོས་ཤིག་ཀྱང་ཡིན། རིག་ཚན་ཞིག་གི་ཤེས་བྱར་སྦྱོང་འདོད་མེད་པ་དང་སྦྱངས་ནས་དགོས་མཁོ་གང་ཡང་མི་འདུག་སྙམ་པའི་སློབ་མ་ཞིག་གི་ངོས་ནས་བཤད་ན་ནམ་ཡང་རིག་ཚན་དེར་ཧུར་བརྩོན་ཆེན་པོས་སློབ་སྦྱོང་བྱེད་མི་སྲིད། དེར་བརྟེར་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་དགེ་རྒན་གྱིས་ཐབས་བརྒྱ་ཇུས་སྟོང་ཐོག་སློབ་མའི་ཧུར་བརྩོན་རང་བཞིན་དང་སློབ་སྦྱོང་བྱེད་པའི་སྤྲོ་སྣང་འཕེལ་གང་ཐུབ་བྱས་ན་གཞི་ནས་སློབ་སྦྱོང་ལ་སྦྱོང་འདོད་ཀྱི་འགུལ་ཤུགས་བཟང་པོ་ཞིག་ཆགས་ཐུབ།
དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱས་ན་སློབ་ཚན་གྱི་ནང་དོན་རྣམ་པ་ཅན་དུ་འགྱུར་ནས་མིག་མཐོང་ལག་ཟིན་ལྟ་བུ་མདུན་དུ་འཆར་ཐུབ་པས་སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་རང་བཞིན་གྱིས་འཕེལ་ཡོང་ངེས་ཡིན།
དཔེར་ན། 《ཀུའེ་ལིན་གྱི་རི་ཆུ》ཞེས་པའི་སློབ་ཚན་དེ་སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་རྩིས་འཁོར་ནས་ཀུའེ་ལེན་གྱི་རི་ཆུའི་པར་རིས་དང་འགུལ་རིས། སྐད་སྒྲ་སོགས་ཕབ་ལེན་བྱས་ཏེ་སློབ་མར་བསྟན་ན་སློབ་མས་ལི་ཅང་གཙང་པོ་ནི་ལྷིང་ལ་དྭངས་ཤིང་གཙང་བ་དང་། སྔོ་བ་སོགས་མཐོང་སྐབས་ང་ཚོའི་ལྷ་སའི་སྐྱིད་ཆུ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་འདུག་སྙམ་ངེས་རེད། ཡང་ཀུའེ་ལེན་གྱི་རི་ནི་ངོ་མཚར་ཆེ་ལ་ཡིད་དབང་འཕྲོག་པའི་བཟོ་དབྱིབས་རྣམ་པ་སྣ་ཚོགས་སུ་ཡོད་པ་མཐོང་སྐབས་དེ་ནི་ལྷ་སའི་ཉེ་འཁོར་གྱི་རི་དང་རྩ་བ་ནས་མི་འདྲ་བ་ཞིག་འདུག་སྙམ་ནས་དགེ་རྒན་གྱིས་སློབ་ཚན་དངོས་ལ་འཇུག་སྐབས་སློབ་ཚན་གྱི་ནང་དོན་རྣམ་པ་ཅན་དུ་འགྱུར་བས་སློབ་མ་རྣམས་སློབ་ཚན་ཀློག་འདོད་ཀྱི་དགའ་སེམས་དང་སྤྲོ་སྣང་ཇེ་ཆེར་འཕེལ་ཏེ་སློབ་སྦྱོང་བྱེད་འདོད་ཀྱི་སེམས་པ་རང་བཞིན་གྱིས་འཕེལ་ངེས་ཡིན།
གཉིས་པ། ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱས་ནས་སློབ་མས་གྲགས་ཅན་མི་སྣར་དགའ་ཞེན་དང་དད་སེམས། མིག་དཔེར་འཛིན་རྒྱུའི་བསམ་བློ་སྐྱེད་སྲིང་བྱེད་དགོས།
སྐད་ཡིག་སློབ་ཁྲིད་ནང་གྲགས་ཅན་མི་སྣ་ངོ་སྤྲོད་བྱེད་སྐབས་སློབ་མར་མི་སྣའི་ཕྱིའི་རྣམ་པ་དང་སྐད་ཆ། བྱ་སྤྱོད། སེམས་ཀྱི་འགྱུར་བ་སོགས་ལས་མི་སྣའི་བསམ་པ་དང་གཤིས་ཀ་ངོ་སྤྲོད་བྱས་ནས་མི་སྣའི་སེམས་ཁམས་ཀྱི་སྣང་ཚུལ་དང་རྩོམ་ཡིག་གི་བརྗོད་དོན་གསལ་པོ་ཤེས་པ་བྱེད་དགོས། སློབ་ཚན་ནང་མི་སྣའི་ཁྱད་ཆོས་ཐད་གསོན་ཉམས་ལྡན་པ་དང་ཉམས་འགྱུར་ལྡན་པ་ག་ཚོད་བྲིས་ཡོད་ཀྱང་སློབ་མས་མི་སྣ་དེ་དངོས་སུ་མཇལ་མྱོང་མེད་སྟབས་མི་སྣར་དགའ་ཞེན་དང་དད་སེམས། སེམས་འགུལ། མིག་དཔེར་འཛིན་རྒྱུའི་བསམ་བློ་དེ་ཙམ་ཆེན་པོ་ཡོང་མི་སྲིད། ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱས་ནས་མི་སྣ་ངོ་སྤྲོད་བྱས་ན། སྔོན་ལ་དགེ་རྒན་ནས་མི་སྣ་དེའི་ལོ་རྒྱུས་ཀྱི་ཡིག་ཚགས་སོགས་རྩིས་འཁོར་ནས་ཕབ་ལེན་བྱས་ཏེ་བསྟན་ན་མི་སྣའི་ཕྱིའི་རྣམ་པ་དང་སྐད་ཆ། བྱ་སྤྱོད། སེམས་ཀྱི་འགྱུར་བ་སོགས་རྣམ་པ་ཅན་དུ་འགྱུར་ནས་སློབ་མས་མི་སྣར་རྒྱུས་མངའ་རགས་ཙམ་ལོན་ཏེ་མི་སྣར་དགའ་ཞེན་དང་དད་སེམས། སེམས་འགུལ། མིག་དཔེར་འཛིན་རྒྱུའི་བསམ་བློ་རང་བཞིན་གྱིས་སྐྱེད་སྲིང་ཐུབ་ངེས་ཡིན།
དཔེར་ན། 《པཎ་ཆེན་རིན་པོ་ཆེ་རྩྭ་ཐང་དུ་ཕེབས་པ》ཞེས་པའི་སློབ་ཚན་དེ་སློབ་ཁྲིད་བྱེད་སྐབས་སློབ་མའི་ངོས་ནས་བཤད་ན། པཎ་ཆེན་རིན་པོ་ཆེའི་མཚན་དང་ཁོང་ནི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པ་ཕ་མའི་ས་ནས་གོ་ཐོས་ཙམ་ལས། ཁོང་བོད་པའི་སེམས་ནང་གི་སྐྱེས་མཆོག་གང་འདྲ་ཞིག་ཡིན་པ་དང་བོད་མིས་ད་བར་ཁོང་ལ་རྗེས་དྲན་བྱེད་དགོས་དོན་གང་ཡིན་པ་དེ་དག་སློབ་དེབ་ནང་འཁོད་པའི་ནང་དོན་ཙམ་གྱི་མི་འདང་བས། སྔོན་ལ་དགེ་རྒན་གྱིས་རྩིས་འཁོར་ནས་པཎ་ཆེན་རིན་པོ་ཆེ་གོ་འཇོ་རྩྭ་ཐང་དང་བོད་རིགས་ས་ཁུལ་གཞན་དུ་ཕེབས་པའི་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་དང་བཀའ་སློབ། འབྲེལ་ཡོད་འགུལ་རིས་དང་པར་རིས་སོགས་ཕབ་ལེན་བྱས་ཏེ་བསྟན་ན་གཞི་ནས་སློབ་མས་སློབ་ཚན་དེ་སྦྱོང་འདོད་དང་པཎ་ཆེན་རིན་པོ་ཆེའི་གསུང་དང་། བྱ་སྤྱོད། ཐུགས་ཀྱི་འགྱུར་བ་སོགས་ལས་ཁོང་ནི་བོད་མི་དམངས་ཀྱི་བདེ་སྡུག་ལ་བླ་ན་མེད་པའི་ཐུགས་ཁུར་དང་། བོད་ཀྱི་སློབ་གསོའི་ལས་དོན་ལ་ཤིན་ཏུ་གཙིགས་ཆེན་གནང་མཁན་ཞིག་ཡིན་པ་རྒྱུས་མངའ་རགས་ཙམ་ཡོང་ངེས་ཡིན། དེ་ནས་སློབ་ཚན་དངོས་ལ་འཇུག་ན་སློབ་ཚན་དེ་རྣམ་པ་ཅན་དུ་གྱུར་བས་སློབ་མས་པཎ་ཆེན་རིན་པོ་ཆེ་ལ་དད་སེམས་དང་དགའ་ཞེན། ཁོང་གི་མི་ཚེ་ཧྲིལ་པོ་བོད་མི་དམངས་ཀྱི་བདེ་སྡུག་ཆེད་ལེགས་སྐྱེས་འབུལ་བར་སེམས་འགུལ་ཚད་མེད་ཐེབས་ནས་སླད་རང་མི་རིགས་ལ་ཕན་བདེ་བསྐྲུན་མཁན་གྱི་མི་སྣ་ཞིག་བྱ་རྒྱུའི་སེམས་ཤུགས་རང་བཞིན་གྱིས་འཕེལ་ངེས་ཡིན།
གསུམ་པ། ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱས་ནས་སློབ་མའི་རྩོམ་ཡིག་གི་རྒྱུ་ཆ་གསོག་འཇོག་ཐུབ་པ་བྱེད་དགོས།
རྩོམ་ཡིག་འབྲི་སྟངས་སྦྱོང་སྐབས་དང་ཐོག་དཔེ་ལ་བལྟས་ནས་འབྲི་འགོ་རྩོམ་དགོས། དཔེ་ལ་བལྟས་ཏེ་རྩོམ་འབྲི་བ་ནི་རྩོམ་ཡིག་འབྲི་སྟངས་སྦྱོང་བའི་རྨང་གཞི་ཡིན་ཞིང། རང་རྐྱ་འཕེར་ཐུབ་པའི་སྒོ་ནས་རྩོམ་ཡིག་གསར་རྩོམ་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་གོ་རིམ་ཞིག་ཀྱང་ཡིན། དགེ་རྒན་ཞིག་གི་ངོས་ནས་བཤད་ན། སློབ་ཆུང་སློབ་དེབ་ནང་འཁོད་པའི་རྩོམ་ཡིག་འབྲི་རྒྱུའི་ཁ་བྱང་གི་རེ་བ་བཞིན་རྟག་ཏུ་སློབ་མར་དཔེ་འབྲི་རེ་བསྟན་ཐབས་དཀའ་བས། གནས་ཚུལ་དེ་ཆ་འཕྲིན་ལག་རྩལ་གྱི་ཐོག་ནས་ཐག་གཅོད་ཐུབ་ངེས་ཡིན། སྔོན་ལ་དགེ་རྒན་གྱིས་ཁ་བྱང་གཏན་འཁེལ་ཟིན་པའི་རྩོམ་ཡིག་འགའ་རྩིས་འཁོར་ནས་ཐད་ཀར་བསྟན་པའམ་ཕབ་ལེན་བྱས་ཏེ་སློབ་མར་ལྟ་རུ་བཅུག་པ་དང་ལེགས་རྩོམ་འགའ་པར་བཤུས་བྱས་ཏེ་སློབ་མ་རེར་མཁོ་སྤྲོད་བྱས་ན་དཔེ་འབྲི་བྱ་རྒྱུར་ཕན་པ་ཆེན་པོ་ཐོན་ཐུབ། དགེ་རྒན་འགའ་རེས་ཕལ་ཆེར་བོད་ཡིག་ཐོག་ནས་སློབ་མའི་སྦྱངས་རྩོམ་མཁོ་སྤྲོད་ཐུབ་པའི་དྲ་བ་ལ་རྒྱུས་མངའ་དེ་ཙམ་ཡོད་མི་སྲིད། དེ་ནི་རྒྱུན་གཏན་ཆ་འཕྲིན་ལག་རྩལ་བེད་སྤྱོད་དང་རྒྱུས་ལོན་མ་བྱས་པའི་རྟགས་ཡིན། ད་ལྟ་མདོ་དབུས་ཁམས་གསུམ་གྱི་ཆ་རྐྱེན་ཡོད་པའི་སློབ་གྲྭ་ཁག་ལ་སོ་སོར་དྲ་བ་ཡོད་ལ་དྲ་བའི་ཐོག་སློབ་མའི་སྦྱངས་རྩོམ་ཀྱང་མང་དག་ཅིག་སྟོན་ཡོད། མཚམས་རེ་བོད་ཁུལ་སློབ་གྲྭ་ཁག་གི་སློབ་མའི་སྦྱངས་རྩོམ་འགྲན་བསྡུར་སོགས་ཁ་བྱང་མི་གཅིག་པའི་རྩོམ་ཡིག་མི་ཉུང་བ་ཞིག་སྟོན་གྱི་ཡོད། དེར་བརྟེན་ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱས་ནས་སློབ་མའི་དཔེ་འབྲིའི་རྒྱུ་ཆ་གསོག་འཇོག་དང་རང་རྩོམ་ཆ་འཕྲིན་ལག་རྩལ་བརྒྱུད་ནས་གཞན་གྱི་དཔེ་འབྲི་ཡང་བྱེད་སྲིད་པས་དེ་ནི་སློབ་མས་རྩོམ་ཡིག་འབྲི་རྒྱུར་མོས་པའི་སྒུལ་ཤུགས་སུ་འགྱུར་ནས་རྩོམ་ཡིག་འབྲི་རྒྱུ་དེ་འཁུར་པོ་ཞིག་ཏུ་འགྱུར་མི་སྲིད།
མདོར་ན། ཆ་འཕྲིན་ལག་རྩལ་བརྒྱུད་ནས་སློབ་ཁྲིད་བྱས་ན་སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་འཕེལ་བ་དང་། སློབ་ཚན་གྱི་ནང་དོན་རྣམ་པ་ཅན་ཏུ་འགྱུར་ནས་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ། སློབ་སྦྱོང་གི་དཀའ་གནད་དུས་ཐོག་ཐག་གཅོད་ཐུབ་པ། དོན་དངོས་ཀྱི་ནུས་པ་དང་བེད་སྤྱོད་ཀྱི་ནུས་པ། གསར་གཏོད་ཀྱི་ནུས་པ་བཅས་གོང་མཐོར་འགྲོ་བ། སློབ་མའི་ཕྱོགས་ཡོངས་ཀྱི་ཤེས་བྱ་སྣ་མང་ཅན་དུ་འགྲོ་རྒྱུར་ཕན་པ་ཤིན་ཏུ་ཆེ་བས་ཚང་མས་བོད་ཀྱི་མ་འོངས་སློབ་གསོ་དེ་དེང་རབས་ཅན་དུ་ཁ་ཕྱོགས་ཆེད་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་ལ་སྙིགས་དོར་བཅུད་ལེན་བྱས་ཏེ་དེང་སྐབས་ཀྱི་སློབ་གསོའི་རྣམ་པ་དང་སློབ་ཁྲིད་ཀྱི་ནང་དོན་དང་བྱེད་ཐབས་སོགས་སློབ་སྦྱོང་གིས་སློབ་ཁང་སློབ་ཁྲིད་ནང་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཏན་སློབ་ཆུང་བསོད་ནམས་སྟོབས་རྒྱལ)