གསར་འགོད་པར་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་དུས་ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་དཔུང་ཁག་ཟམ་མི་ཆད་པར་རྒྱ་སྟོབས་ཆེ་རུ་བཏང་བས་མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་ཚན་རྩལ་ཆེད་མངགས་པ་500ལྷག་ཙམ་དེ་དག་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི“སྣེ་ཁྲིད་པར”གྱུར་ཡོད།
2008ལོར་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་ཡབ་མདའ་གྲོང་ཚོའི་གྲོང་མི་བསྟན་སྒྲོན་གྱིས་རང་བརྟེན་ལས་ལམ་གསར་གཏོད་ཀྱིས་བོད་ཕག་གསོ་ཚགས་ཀྱི་ལས་ལ་གཞོལ་ཡོད། སྐབས་དེ་དུས་ལག་རྩལ་ཡག་པོ་མེད་པའི་ཁར་མ་དངུལ་མི་འདང་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་པ་མ་ཟད། གཞི་ཁྱོན་ཡང་ཆུང་ཆུང་ཡིན་པ་རེད། ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་དང་སྟོད་ལུང་བདེ་ཆེན་རྫོང་ཚན་རྩལ་ཅུས་ཀྱིས་གཉེར་བའི་འདེབས་འཛུགས་དང་གསོ་ཚགས་ལག་རྩལ་གསོ་སྦྱོང་ནང་ཐེངས་མང་ཞུགས་པ་དང་འབྲེལ་ལག་ལེན་ཐོག་ནས་འཚོལ་ཞིབ་ཧུར་ཐག་བྱས་པ་བརྒྱུད་བསྟན་སྒྲོན་ལ་གསོ་ཚགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བྱུང་བ་མ་ཟད་2012ལོར་ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་ཆེད་མངགས་པར་བདམས།
ལོ་དེ་རང་དུ་བསྟན་སྒྲོན་གྱིས་གྲོང་ཚོའི་ནང་གི་གྲོང་མི་20ལྷག་ཙམ་སྒྲིག་འཛུགས་ཀྱིས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་མ་ཟད། གསོ་ཚགས་ལག་རྩལ་དང་ཉམས་མྱོང་མཉམ་ལས་ཁང་གི་ཁོངས་མི་ཚོར་བསླབ་ཡོད། ད་ཆ་བསྟན་སྒྲོན་ཚན་རྩལ་དཔེ་སྟོན་དུད་ཆེན་ལ་གྱུར་ནས་ལོ་ལྟར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཡོང་གི་ཡོད་ཅིང་། 2014ལོར་བསྟན་སྒྲོན་ལྷ་ས་གྲོང་ཁྱེར་གྱི“ཕུལ་བྱུང་ཚན་རྩལ་ཆེད་མངགས་པར”བདམས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་ཚན་རྩལ་གྱིས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་ཞིང་འབྲོག་ལས་འཕེལ་རྒྱས་ཐད་ལེགས་སྐྱེས་འབུལ་ཚད་40.8%དང་46.8%སོ་སོར་ཟིན་ཡོད། ཚན་རིག་ལག་རྩལ་ཁྱབ་ཚད་89%ཟིན་ནས་ཚན་རྩལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ནུས་སྔར་བས་ཆེ་རུ་ཕྱིན་ཡོད། ལོ་ལྟར་ལྷ་ས་གྲོང་ཁྱེར་ཚན་རྩལ་སྡེ་ཚན་གྱིས་ཚན་རྩལ་ཆེད་མངགས་པའི་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁོང་ཚོའི་བྱ་གཞག་གསར་གཏོད་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་མ་ཟད། ཚན་རྩལ་ཆེད་མངགས་པའི་སྣེ་ཁྲིད་འོག་དཔེ་སྟོན་ཕན་ནུས་ལ་བརྟེན་ནས་ཞིང་འབྲོག་པས་ཞིང་ལས་རྣམ་གྲངས་རྒྱ་ཆེར་གཏོང་རྒྱུར་རོགས་རམ་བྱས་ཏེ་ཡོང་འབབ་མཐོ་རུ་བཏང་ཡོད། ལག་རྩལ་རྒྱུད་ཁྲིད་བྱེད་མཁན་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་ཞིག་ཡིན་པའི་ངོས་ནས་ཞིང་འབྲོག་མང་ཚོགས་ཚོར་ཚན་རྩལ་རྒྱུད་ཁྲིད་བྱེད་པ་དང་ཆབས་ཅིག་མང་ཚོགས་ཀྱི་སྣེ་འཁྲིད་དེ་ཚན་རྩལ་གསར་གཏོད་ཀྱི་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཡོད་པ་རེད།