དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-12

    རྒྱ་རྩིས་སྟོན་ར་ཆུ་ཕོ་སྤྲེལ་ཟླ་ཆེ་བ། ཚེས་5བྱའི་ལྔ་ཆ་གསུམ་ནས་རང་ཟླའི་དབུགས་ཐོབ། རྩི་ཏོག་ཐོག་མ་རྒྱས། དུས་ཐོག་ཏུ་ཆུ་གཏོང་བ་དང་རྫས་ལུད་ཚད་གཞི་དང་མཐུན་པ་རྒྱག་དགོས། མུ་མཐུད་རྩྭ་ངན་འཐོག་རྒྱུ་དང་། ཁ་ལུད་འགྲེམ་རྒྱུ། ཆུ་འདྲེན་གཏོང་། དེ་མིན་འབུ་སྐྱོན་དང་ཐན་སྐྱོན་སྔོན་འགོག་བྱ་རྒྱུར་དོ་སྣང་བྱ་དགོས། ཚེས་6བྱའི་ལྔ་ཆ་བཞི་པར་དབྱར་ཉི་ལྡོག ལྷ་སར་ཆུ་ཚོད་དྲུག་དང་སྐར་མ་ང་བདུན་ལ་ཉི་མ་ཤར། ཆུ་ཚོད་ཉི་ཤུ་དང་སྐར་མ་ང་བདུན་ལ་ཉི་མ་བཞུད། ལོག་ཞག་ཉེར་གཅིག་རིང་ལྷོ་མོན་དང་ཀོང་རོང་ས་ཁུལ་དུ་ལོག་ཆར་མང་། དབུས་གཙང་ཁུལ་དུ་ཐན་ཞོད་ཡ་ཡུད་ཆེ། ཚེས་11ཕྱི་མ་ཁྱིའི་ལྔ་ཆ་བཞི་ནས་འགྲོ་བའི་སྒྲོན་མེ་བདེར་སྤྱོད་ཁབ་ཏུ་སོན། ཟླ་བདག་རྩུབ། རང་ཟླའི་ཚེས་11ཕྱི་མ་ནས་ཕྱི་ཟླའི་ཚེས་12བར་བུམ་སྟོང་ནུབ། ཚེས་18ཕག་གི་ལྔ་ཆ་ལྔ་ནས་ཕག་ཞག་བདུན་ཟིན། དེའི་རིང་སྨན་དཔྱད་ཆུ་ལས་དང་བཞོན་མ་ཕྱིར་གཏོང་འཛེམ། ཚེས་20བྱི་བའི་ལྔ་ཆ་གཅིག་ནས་དབྱར་བར་མའི་རང་སྒང་ཟིན། ནས་ཞིང་ལ་སྙི་ཐོ་ཚུགས། དབྱར་ཚས་རྒྱས། ཆར་ཆུ་རིམ་བཞིན་འཕེལ་བའི་དུས་དེར་ཆུ་ལོག་སྔོན་འགོག་དང་ཆུ་བཤང་རྒྱག་རྒྱུར་དོ་སྣང་བྱེད་པ་དང་སྦྲགས་ཕྱི་དྲོ་སེར་བའི་གནོད་འཚེ་མི་འབྱུང་བའི་ཐབས་ལ་འབད་དགོས། ཚེས་8གླང་གི་ལྔ་ཆ་གཉིས་ནས་ཚེས་9གླང་གི་ལྔ་ཆ་ལྔ་བར་ཉི་མ་ནག ཚེས་24ལ་སྨལ་པོའི་གདོང་ཆར་ཞེས་ཆར་བབས་ན་དབྱར་སྨད་ཞོད་ཆེ། ཕུག་ལུགས་གྲུབ་པའི་ཚེས་17ཆད། ཚེས་11ལྷག དཔལ་ལྡན་བྱེད་པའི་ཚེས་24ཆད། ལྷག་མེད།

    སྤྱི་ལ་ཟླ་འདིར་འབྱུང་བ་ཆུ་རླུང་ཁམས་ཤས་ཆེ་བས་ཡུས་སྤྱིར་ཆར་རླུང་འཚུབ་པ་མང་། ཚེས་ཤར་ནས་མིག་དམར་རྒྱུ་སྐར་མགོ་སྟེང་མྱུར་འགྲོས་ཆེ་ཞིང་། ལྷག་པ་རྣམ་འདྲེན་དང་ཐ་མལ་སྐར་མར་སྤྱོད་པས་ལྷོ་དང་། བྱང་རྒྱུད། དབུས་ཕྱོགས་བཅས་ལ་རང་བྱུང་གནོད་འཚེར་དྭོགས། ཤར་ཕྱོགས་སུ་ཆར་ཆུའི་འབབ་ཚད་ཆེ་ཞིང་སད་སེར་ལོ་དགྲ་མང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།