དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་ཐབས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-29

    ལས་རིགས་སློབ་གསོའི་སློབ་གཉེར་ཁ་ཕྱོགས་དང་འཐབ་ཇུས་ནི་ངེས་པར་དུ་དེང་རབས་ཅན་དང་དོན་དངོས་ལ་ཁ་ཕྱོགས་དགོས་པ་མ་ཟད།རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་རྩ་བའི་ལྟ་བ་དང་མཐུན་ཡང་དགོས། ལས་རིགས་སློབ་གསོ་ལེགས་པོ་ཞིག་བསྒྲུབ་རྒྱུ་ནི་ང་ཚོ་སློབ་གསོའི་ལས་དོན་པར་མཚོན་ན་དེ་ནི་ལྡོག་ཏུ་མེད་པའི་གཟི་བརྗིད་ཀྱི་འོས་འགན་ཞིག་ཡིན་པས། ང་ཚོས་ལས་རིགས་སློབ་གསོར་གྲུབ་འབྲས་ལེགས་པོ་ཐོབ་ཆེད་དུ་རང་ལྗོངས་ཀྱི་དམའ་རིམ་སློབ་འབྲིང་ཁག་ནང་ལས་རིགས་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་ནི་ཐབས་ཤེས་གལ་ཆེན་ཞིག་རེད། དེ་ནི་སློབ་གསོ་མྱོང་མཁན་ལ་སློབ་དེབ་ཁོ་ནའི་སྟེང་གི་ཤེས་བྱ་ཁོ་ན་སྦྱོང་དུ་འཇུག་པ་ཙམ་མ་ཡིན་པར། སློབ་གསོའི་ཁོངས་སུ་ཕུགས་བསམ་དང་འཚོ་བ་ཟུང་འབྲེལ་བྱེད་པ་དང་། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པ་དང་། རིག་གནས་ཤེས་བྱ་དང་ནུས་པ་ཟུང་འབྲེལ་བྱེད་པ། དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་བྱེད་པ། སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་ལག་ལེན་ཟུང་དུ་སྦྲེལ་བ་སོགས་ཀྱི་སློབ་གསོའི་ནང་དོན་འདུས་དགོས། འདི་དག་ལས་མཐོང་ཐུབ་པར། ལས་རིགས་སློབ་གསོ་ལོ་དགུའི་འོས་འགན་སློབ་གསོའི་གྲུབ་ཆར་འགྱུར་དགོས་པ་ནི་ཤིན་ཏུ་ནས་གལ་ཆེའོ། དེས་ན་འདིར་ཁོ་བོས་རང་ལྗོངས་ཀྱི་ལས་རིགས་སློབ་གསོའི་དངོས་ཡོད་གནས་ཚུལ་དང་རང་ཉིད་ཀྱི་ཉམས་མྱོང་ལ་དབྱེ་ཞིབ་རགས་ཙམ་ཞིག་བྱེད་ཁུལ་གྱིས་འབྱུང་འགྱུར་བོད་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་ཐབས་སྐོར་ལ་རང་གི་ལྟ་བ་རགས་ཙམ་གླེང་བར་མོས་པ་གཤམ་གསལ།

    1. ལས་རིགས་སློབ་གསོ་ཇི་ལྟར་བསྒྲུབ་དགོས་ཚུལ་བཤད་པ།

    སློབ་འབྲིང་སྐབས་སུ་ལས་རིགས་སློབ་གསོ་གཉེར་བར་གཤམ་གསལ་གྱི་གནད་དོན་དག་ངེས་པར་བསྒྲུབས་དགོས་ཏེ། (1)ས་གནས་སོ་སོའི་མི་སྣའི་དགོས་མཁོ་དང་བསྟུན་ནས་ལས་རིགས་སློབ་གསོའི་སློབ་ཁྲིད་བཀོད་སྒྲིག་བྱ་དགོས་པ་དང་། (2)བཙུགས་ཟིན་པའི་ཆེད་ལས་ཀྱི་ཚོང་རའི་མདུན་ལྗོངས་ལ་སྔོན་དཔག་ལེགས་པོ་བྱ་དགོས་པ། (3)རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་ལ་རྒྱུས་ལོན་ལེགས་པོ་བྱ་དགོས་པ། (4)སློབ་མའི་དགའ་ཕྱོགས་ལ་རྒྱུས་ལོན་གཏིང་ཟབ་བྱ་དགོས་པ། (5)འཛུགས་དགོས་པའི་ཆེད་ལས་འཛུགས་པའི་ཆ་རྐྱེན་ལྡན་མིན་ལ་རྒྱུས་ལོན་གསལ་པོ་བྱེད་དགོས་པ། (6)དགེ་རྒན་གྱི་ཐོན་ཁུངས་ལ་བརྟག་དཔྱད་གཏིང་ཟབ་བྱ་དགོས་པ། གལ་ཏེ་སྤྱི་ཚོགས་ཐོག་དགེ་རྒན་ཡོད་ཁོ་ཐག་ཡིན་ཚེ། སྔོན་དུ་དེ་ཉིད་གདན་འདྲེན་ཞུ་བའི་ཟླ་ཕོགས་ཀྱི་འབྱུང་ཁུངས་དང་། ཆེད་གཉེར་དེ་ཉིད་བཙུགས་རྗེས་ཀྱི་སློབ་དེབ། ད་དུང་སློབ་མར་ཆེད་ལས་ཀྱི་ཤེས་བྱ་སློབ་པའི་དུས་ཚོད་བཀོད་སྒྲིག ཆེད་ལས་སོ་སོའི་ནུས་རྩལ་དང་འཚོ་ཚིས་ཀྱི་ནུས་པ། དེ་བཞིན་སྤྱི་ཚོགས་དང་ཁྱིམ་བདག་ལ་ཇི་ལྟར་ངོ་སྤྲོད་ཞུ་བ་སོགས་ཀྱི་ཞིབ་ཕྲའི་གནད་དོན་དག་ལ་ཡང་འཆར་འགོད་ལེགས་པོ་བྱ་དགོས།

    2. སློབ་གཉེར་གྱི་འཆར་གཞི་དང་ལག་བསྟར་བྱེད་ཐབས་བཤད་པ།

    ནན་ཏན་སྒོས་བརྟག་དཔྱད་དང་བརྟག་དཔྱད་ཀྱི་སྡོམ་ཚིག་ལ་ཕྱོགས་སྡོམ་ལེགས་པོ་བྱེད་པའི་རྨང་གཞིའི་སྟེང་དུ། ལས་རིགས་སློབ་གསོ་སྤེལ་བའི་འཆར་གཞི་ལག་བསྟར་བྱ་དགོས། ནན་ཏན་སྒོས་བརྟག་དཔྱད་བྱེད་པའི་རྨང་གཞིའི་སྟེང་དུ་འཆར་འགོད་ལེགས་པོ་བྱེད་རྒྱུ་ནི་ལས་རིགས་སློབ་གསོའི་བྱ་བར་གྲུབ་འབྲས་ལེགས་པོ་ལེན་ཐུབ་མིན་གྱི་རྩ་གནད་ཡིན། དམིགས་ཡུལ་ཡོད་པའི་སྒོ་ནས་འབད་བརྩོན་ལྷོད་མེད་སྒོས་ལས་རིགས་སློབ་གསོ་བསྒྲུབ་ན། དམའ་རིམ་སློབ་འབྲིང་གི་སྐབས་ནས། རིག་གནས་ཤེས་བྱའི་ཆུ་ཚད་ངེས་ཅན་ཡོད་ལ་འཚོ་བའི་འཇོན་ནུས་ལྡན་པའི་སྣ་འཛོམས་རང་བཞིན་གྱི་འཇོན་ཐང་མི་སྣ་གསོ་སྐྱོང་བྱ་ཐུབ། ཞིང་འབྲོག་ཁུལ་ནས་ལས་རིགས་སློབ་གསོ་བསྒྲུབ་ན་ངེས་པར་དུ་མི་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཤིང་། སློབ་མར་རིག་གནས་ཤེས་བྱ་སྣ་ཚོགས་སློབ་ཏུ་འཇུག་པ་དང་ལས་རིགས་ཀྱི་རྩལ་ནུས་སྣ་ཚོགས་སྦྱོང་དུ་འཇུག་པ་གཉིས་ཟུང་འབྲེལ་བྱ་དགོས། དམིགས་ཡུལ་འདི་འགྲུབ་པའི་ཆེད་དུ་གཏན་འཁེལ་བྱས་ཟིན་པའི་སློབ་གཉེར་བྱེད་ཕྱོགས་ལག་བསྟར་བྱ་དགོས་པ་མ་ཟད། སློབ་གཉེར་སྡེ་ཁག་གིས་དགོས་ངེས་ཀྱི་སྒྲིག་སྲོལ་ལམ་ལུགས་གཏན་འཁེལ་བྱས་ནས། དགེ་སློབ་ཡོངས་ཀྱིས་རང་འགུལ་སྒོས་བརྩི་སྲུང་ནན་མོ་བྱ་དགོས།

    3. ལས་རིགས་སློབ་གསོར་གནས་པའི་འགལ་རྐྱེན་བཤད་པ།

    གལ་ཏེ་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་ནི་ཁེ་ཕན་ཆེན་པོ་རག་པའི་ཆེད་དུ་ཡིན་ན། དེས་རང་རྒྱལ་གྱི་ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་སོགས་དང་འགལ་ཡོད་ལ། ལས་རིགས་གསབ་སྦྱོང་དུ་ཞུགས་པའི་སློབ་མ་རྣམས་བཟོ་ཕྲུག་ཏུ་གྱུར་བ་དང་། སློབ་གྲྭ་ནི་སློབ་མའི་མི་ཤུགས་ཐོན་ཁོངས་བེད་སྤྱད་ནས་ཁེ་སྤོགས་གཉེར་བའི་ཐོན་སྐྱེད་སྡེ་ཁག་ཏུ་གྱུར་བ་རེད། གནས་ཚུལ་འདིའི་རིགས་ཀྱིས་སློབ་མའི་སློབ་སྦྱོང་གི་འདུན་པར་རྐྱེན་ངན་བཟོ་སྲིད་པ་མ་ཟད། སློབ་མའི་ཁྱིམ་བདག་དང་སྤྱི་ཚོགས་ཧྲིལ་པོས་ངོ་རྒོལ་བྱ་སྲིད་ལ། ཡང་ལས་རིགས་ནུས་རྩལ་སློབ་གྲྭའི་སློབ་མས་ཚོང་རའི་དགོས་མཁོ་སྐོང་མི་ཐུབ་པ་དང་། སྤྱི་ཚོགས་ཀྱིས་ཀྱང་སློབ་མ་ཞིག་གིས་ཐོན་སྐྱེད་བྱས་པའི་ཐོན་རྫས་ལ་དང་ལེན་བྱེད་དཀའ་བ་རེད། སློབ་མའི་དགའ་ཁ་འཁྱེར་སོ་དང་བསྟུན་ནས། ཁོ་ཚོའི་ལས་རིགས་ལག་རྩལ་སློབ་འདོད་ཀྱི་འདུན་པ་དེ་ཡོངས་སུ་བསྐང་སྟེ། ལས་རིགས་སློབ་གསོ་དོན་དངོས་སྟེང་ཞིང་འབྲོག་ཁུལ་དུ་རིག་གནས་དང་ལག་རྩལ་འཛོམ་པའི་མི་སྣ་སྐྱེད་སྲིང་བྱེད་ས་ཞིག་ཏུ་འགྱུར་རྒྱུ་དེའོ། འདི་ལྟར་བྱས་ན་ད་གཟོད་སྤྱི་ཚོགས་དང་ཁྱིམ་ཚང་ལ་ཚད་ལྡན་གྱི་ལས་རིགས་ཆེད་ལས་ཀྱི་འཇོན་ཐང་མི་སྣ་སྐྱེད་སྲིང་བྱ་ཐུབ་པ་དེ་ནི་ལས་རིགས་སློབ་གསོ་ལྟེ་གནས་གཉེར་བའི་དམིགས་ཡུལ་དང་བསྒྲུབ་དགོས་པའི་འོས་འགན་ནོ།

    མིག་སྔར་ལས་རིགས་ལག་རྩལ་སློབ་གྲྭ་ཁག་ལ་སློབ་གསོའི་གྲོན་དངུལ་མི་འདང་བས། ཆེད་ལས་སོ་སོར་མཁོ་བའི་སློབ་གསོའི་སྒྲིག་ཆས་དང་རྒྱུ་ཆ་དག་ལ་གྲོན་ཆུང་ནན་མོ་བྱ་དགོས་ཤིང་། སློབ་མས་བེད་སྤྱོད་བཏང་བའི་རྒྱུ་ཆ་དག་ཐོན་རྫས་ངོ་མར་འགྱུར་དགོས་པའི་ཚད་ལ་སླེབས་ཡོད་པ་རེད། འོན་ཀྱང་སློབ་མས་བེད་སྤྱོད་བཏང་ཟིན་པའི་རྒྱུ་ཆ་དག་ཐོན་རྫས་ངོ་མར་གྱུར་ན་ཡང་དེ་དག་གིས་རྒྱུ་ཆ་སྔོན་མ་དག་གི་འགྲོ་སོང་གསབ་མི་ནུས། ད་དུང་ཐབས་ཤེས་གང་ཞིག་སྤྱད་ཀྱང་དེ་དག་གི་ཕྱིར་ཚོང་ལ་ཁག་ཐེག་བྱེད་མི་ཐུབ། དེ་བས་ཆེས་བཟང་བའི་ཐབས་ཤེས་ནི་ནོར་སྲིད་དང་བསྟུན་ནས་ཆེད་ལས་འཛུགས་པ་དང་། དོན་དངོས་གཞིར་བྱས་ནས་སློབ་མ་བསྡུ་བ་དེ་རེད། བོད་ཀྱི་ལས་རིགས་སློབ་གསོ་མགོ་བརྩམས་པ་ཙམ་ཡིན་ལ། ང་ཚོས་ཐོག་མ་ཉིད་ནས་རེ་བ་ཆེན་པོ་བཅངས་མི་འོས་པ་རེད། རིམ་གྱིས་སློབ་གསོའི་བྱང་ཚད་མཐོར་འདེགས་པའི་ཞོར་དུ་ལས་རིགས་སློབ་གསོ་རྒྱ་ཇེ་ཆེར་གཏོང་བ་དང་སྟོབས་ཤུགས་ཆེར་གཏོང་དགོས། འཕེལ་རྒྱས་འགྲོ་བའི་གོ་རིམ་ཁྲོད་དུ་ལས་རིགས་སློབ་གསོ་སློབ་མར་ཁ་ཕྱོགས་དགོས་པ་དང་སྤྱི་ཚོགས་ལ་ཡང་ཁ་ཕྱོགས་ནས། ཁྱིམ་བདག་གི་རྒྱབ་སྐྱོར་ཐོབ་རྒྱུ་ནི་ཧ་ཅང་གལ་ཆེ་བ་རེད། གལ་ཏེ་སློབ་མས་དང་ལེན་མི་བྱེད་པ་དང་ཁྱིམ་བདག་གིས་རྒྱབ་སྐྱོར་མ་བྱས་ཚེ། ལས་རིགས་གསབ་སྦྱོང་ལྟེ་གནས་ལ་དོན་སྙིང་མེད་ཅིང་། སློབ་མའི་སེམས་ཤུགས་སློབ་སྦྱོང་སྟེང་དུ་བཀོལ་མི་སྲིད་པ་དང་། ཐ་ན་སློབ་མས་སློབ་སྦྱོང་གི་ལག་ཆ་དག་རྩེད་ཆས་སུ་སྤྱོད་སྲིད། ལས་རིགས་ལག་རྩལ་སློབ་གྲྭ་གང་འདྲ་ཞིག་གཉེར་རུང་། ཆེད་ལས་ཀྱི་དགེ་རྒན་དང་རིག་གནས་ཀྱི་དགེ་རྒན་རྣམས་སློབ་ཁྲིད་ཀྱི་སྐབས་སུ་སློབ་ཁང་དང་མི་འབྲལ་བ་བྱ་དགོས་ཤིང་། སེམས་ཤུགས་ཡོད་ཚད་སློབ་མའི་སྟེང་དུ་བཞག་ནས་སློབ་མའི་སློབ་སྦྱོང་ལ་ལྟ་རྟོག་ནན་མོ་བྱ་དགོས། ལས་རིགས་ལག་རྩལ་གྱི་སློབ་གསོ་ནི་སློབ་གསོ་གཞན་དང་མི་འདྲ་ཞིང་། རྒྱུན་གཏན་གྱི་སློབ་གསོའི་རྣམ་པ་ལྟར་སློབ་མ་རྣམས་ལ་ཁ་གཏད་མི་རུང་བར། སློབ་མ་རེ་རེའི་ལག་རྩལ་གྱི་ཆུ་ཚད་དང་བསྟུན་ནས་གནས་ཚུལ་དངོས་ལ་གཞིགས་ཏེ་སློབ་མ་རེ་རེ་བཞིན་ལ་དམར་ཁྲིད་བྱ་དགོས། སློབ་མ་རྣམས་སློབ་ཁང་དུ་བཅུག་ནས་རང་སྦྱོང་བྱེད་དུ་འཇུག་པའི་སློབ་གསོའི་རྣམ་པ་ནི་དེ་བས་ཀྱང་མི་རུང་། དེ་བཞིན་ལས་རིགས་ལག་རྩལ་སློབ་གྲྭས་སློབ་མའི་ཕྱོགས་ཡོངས་ཀྱི་བྱང་ཚད་ལ་བསམ་བློ་གཏོང་དགོས་པ་དང་། སློབ་མའི་ལག་རྩལ་མཐོར་འདེགས་གཏོང་བའི་ཞོར་དུ་སློབ་མའི་རྒྱ་བོད་སྐད་གཉིས་ཀྱི་རིག་གནས་སློབ་ཁྲིད་གཞན་དག་ཀྱང་འོས་འཚམ་བཀོད་སྒྲིག་བྱས་ནས། རིག་གནས་ཆུ་ཚད་ཀྱང་ངེས་ཅན་ཡོད་ལ་ལག་རྩལ་ཡང་གང་འཚམས་ཡོད་པའི་ཆེད་ལས་འཇོན་ཐང་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། གལ་ཏེ་སློབ་མར་ལག་རྩལ་ཁོ་ན་ལས་རིག་གནས་ཀྱི་ཆུ་ཚད་མེད་པ་ཡིན་ན། ཁོ་ཚོ་མ་འོངས་པར་མི་གཞན་གྱིས་བེད་སྤྱོད་གཏོང་བའི་ལག་ཆ་ཙམ་དུ་འགྱུར་ཉེན་ཆེ་ཞིང་། ཁོ་ཚོའི་སྤྱི་ཚོགས་རིན་ཐང་དང་མི་ཚེའི་རིན་ཐང་མངོན་འགྱུར་བྱ་དཀའ་ལ། རང་ཉིད་ལ་མངའ་བའི་ལག་རྩལ་ནི་དེ་བས་ཀྱང་ཁྱབ་བརྡལ་དུ་གཏོང་མི་ནུས།

    མདོར་ན། དམའ་རིམ་སློབ་འབྲིང་གི་སྐབས་སུ་ལས་རིགས་ལག་རྩལ་གསབ་སྦྱོང་བྱ་བ་ནི་ལོ་དགུའི་འོས་འགན་སློབ་གསོའི་གྲུབ་ཆ་ཞིག་ཡིན་ལ། དེ་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རེ་ལྟོས་བྱེད་ས་ཞིག་ཀྱང་རེད། ལས་རིགས་ལག་རྩལ་སློབ་གསོར་གྲུབ་འབྲས་ལེགས་པོ་ཞིག་ཐོབ་ཆེད། ཕྲན་གྱིས་ཡང་བསྐྱར་ལས་རིགས་སློབ་གསོའི་ལས་གནས་སུ་འབད་བརྩོན་བྱེད་བཞིན་པའི་དགེ་བཟོ་བ་རྣམས་ལ། རྒྱལ་ཁབ་དང་མི་རིགས་ལ་ཚད་མཐོའི་འགན་འཁྲི་འཁུར་ནས་ཤེས་རིགས་དང་ལག་རྩལ། ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་འཇོན་ཐང་མི་སྣ་སྐྱེད་སྲིང་བྱ་བ་ལ་མུ་མཐུད་འབད་བརྩོན་གནང་རྒྱུའི་རེ་བ་ཞུ།

    (ཆུ་ཤུར་རྫོང་ལས་རིགས་སློབ་གསོ་ལྟེ་གནས་ཀྱི་འཇིགས་མེད)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།