དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཐོན་མིའི་ཕྱག་རྒྱུན་ཞེས་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེ་མོ་སྤེལ་རྒྱུའི་བརྡ་ཐོ།

  •     སྤེལ་དུས།  2015-05-29

    རྒྱ་ཆེའི་ཡིག་མཁན་རྣམ་པ།

    བོད་ཡིག་ཡིག་གཟུགས་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རིག་གནས་ཀྱི་དོན་སྙིང་ཟབ་ལ་སྒྱུ་རྩལ་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པའི་ཡིག་རིགས་ཤིག་ཡིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་དུས་སྟོན་ལ་རྟེན་འབྲེལ་ཞུ་ཆེད། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་གཙོ་གཉེར་དང་། བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་དང་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་གཉིས་ཀྱིས་གཞོགས་འདེགས་ཀྱིས་ཐོན་མིའི་ཕྱག་རྒྱུན་ཞེས་པའི་ཡིག་གཟུགས་འགྲན་བསྡུར་ཆེ་མོ་སྤེལ་རྒྱུ་ཡིན་པས་དེ་དོན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

    གཅིག ཡིག་གཟུགས་འགྲན་ཞུགས་ཀྱི་ཁྱབ་ཁོངས་དང་ནང་དོན།

    ཐོན་མིའི་ཕྱག་རྒྱུན་ཞེས་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ནི་བོད་ཡིག་དབུ་ཅན་དང་དབུ་མེད་གཉིས་ཀྱི་འབྲི་གཟུགས་འགྲན་རྒྱུ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་སུ་འཚོ་སྡོད་དང་ཕྱག་ལས་གནང་མཁན་མི་རིགས་དབྱེ་མེད་དང་བོད་ཡིག་ལ་དང་ཞེན་གནང་མཁན་ཅི་རིགས་ཞུགས་ཆོག འགྲན་ཞུགས་ཡིག་གཟུགས་ཀྱི་ནང་དོན་དེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བ་དང་། བོད་ཀྱི་དཔལ་འབྱོར་གོང་འཕེལ། སྤྱི་ཚོགས་བརྟན་ལྷིང་། བོད་ལྗོངས་གསར་པ། འཚོ་བ་གསར་པ་སོགས་ལ་བསྔགས་པའི་ལེགས་ལྡན་ཡར་ཐོན་གྱི་རིགས་དགོས།

    གཉིས། བྱ་དགའ།

    འགྲན་བསྡུར་གྱི་ཡིག་ཁོངས་སུ་དབུ་ཅན་དང་། འབྲུ་ཚ། ཚུགས་ཐུང་། འཁྱུག དཔེ་ཚུགས། སྒྱུ་རྩལ་ཡི་གེ་བཅས་ཡིག་སྣ་ཁག་དྲུག་ཡོད་ཅིང་། ཡིག་གཟུགས་རེར་བྱ་དགའ་རིམ་པ་དང་པོ་1དང་། གཉིས་པ་2 གསུམ་པ་3 དེ་བཞིན་ཕུལ་བྱུང་གི་བྱ་དགའ་འགའ་ཞིག་བཅས་དཔྱད་འདེམས་བྱ་རྒྱུ་ཡིན།

    གསུམ། བརྩམས་ཆོས་ཀྱི་གཟབ་བྱ།

    བདམས་ཐོན་བྱུང་བའི་ཡིག་གཟུགས་དེ་རྣམས་ཕྱོགས་བསྒྲིགས་ཀྱིས་དཔེ་སྐྲུན་བྱེད་འཆར་ཡོད་སྟབས་འགྲན་ཞུགས་ཡིག་གཟུགས་རྣམས་དངོས་གཙང་ལ་རལ་ཧྲུལ་མེད་ཁར། ཤོག་ངོས་ཆུང་ཤོས་ལ་ཞེང་དཔངས་ལིའི་རྨིད་40×60ཡིན་པ་དང་། ཆེ་ཤོས་ལ་ཞེང་དཔངས་ལིའི་རྨིད་60×90ཡིན་པའི་བོད་ཤོག་གམ་རྒྱ་ཤོག་གང་རུང་ཐོག་བྲིས་ན་འགྲིག་ལ་བརྩམས་ཆོས་གཅིག་གི་ནང་ཡིག་གཟུགས་སྣ་རིགས་གཅིག་ལས་འབྲི་མི་ཆོག་པ་དང་། བརྩམ་བྱའི་ངོས་སུ་ཡིག་མཁན་གྱི་མིང་ཐམ་བཀོད་ཆོག གཞན་ཡང་ཡིག་མཁན་གྱི་མིང་དང་། ལས་ཁུངས། འབྲེལ་གཏུགས་བྱ་སྟངས་སོགས་བརྩམ་བྱའི་རྒྱབ་ངོས་སུ་ཁ་གསལ་འབྲི་དགོས།

    བཞི། དཔྱད་འདེམས།

    ད་ཐེངས་ཀྱི་འགྲན་བསྡུར་འདི་དྲང་བདེན་དྲང་གཞག་ཡོང་ཆེད། ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་མཁས་དབང་གདན་དྲངས་ཏེ་གཅིག་གྱུར་ཐོག་དཔྱད་འདེམས་བྱ་རྒྱུ་ཡིན། བརྩམ་བྱའི་མ་ཡིག་ཕྱིར་སྤྲོད་བྱེད་རྒྱུ་མིན་ཞིང་དེའི་དཔར་དབང་ཡིག་གཟུགས་འགྲན་བསྡུར་གཉེར་མཁན་ཚན་པར་བདག་པ་ཡིན།

    ལྔ། བྱ་དགའ་སྤྲོད་པའི་དུས་ཚོད་དང་འགྲེམས་སྟོན་གྱི་དུས་ཚོད།

    ཟླ་༨པའི་ནང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ཡིན།

    དྲུག བརྩམ་བྱ་བསྡུ་མཚམས་འཇོག་པའི་དུས་ཚོད་དང་བསྐུར་ཡུལ།

    འགྲན་ཞུགས་ཡིག་གཟུགས་རྣམས་ཟླ་༦པའི་ཚེས་༣༠གོང་དུ་བསྐུར་གནང་ཡོད་པ་མཁྱེེན། སྐུར་ཡུལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མཁར་སྣ་གདོང་ལམ་སྒོ་རྟགས་ཨང་དང་པོ། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང《བོད་སྐད་ཡིག་ལས་དོན》རྩོམ་སྒྲིག་ཁང་།

    འབྲེལ་གཏུགས་བྱེད་མི། ལྷ་དབང་།

    ཁ་པར་ཨང་གྲངས། 0891—6334142—8304 18289115787

    བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས།

    2015ལོའི་ཟླ་5ཚེས་20ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།