འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀ་ནི་རྙོག་འཛིང་དང་གནོན་ཤུགས་ཆེ་བ་ཞིག་ཡིན་པ་མ་ཟད། ནར་མ་སོན་པའི་བྱིས་པའི་འཇིག་རྟེན་གྱི་ལྟ་བ་དང་། རིན་ཐང་གི་ལྟ་བ། མི་ཚེའི་ལྟ་བ་གསོ་སྐྱོང་བྱེད་པའི་ལས་དཔོན་ཞིག་ཀྱང་རེད། དེ་བས་ཀྱང་འབྲོག་ཁུལ་སློབ་གྲྭའི་འཛིན་གྲྭའི་ཀྲུའུ་རེན་ནི་སློབ་གྲྭའི་བཀོད་སྒྲིག་གཞིར་བཟུང་རང་ཉིད་ཀྱི་ཆེད་ལས་སློབ་ཚན་དང་རྒྱུན་གཏན་རང་བཞིན་གྱི་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀ་ཕུད། ད་དུང་སྤྱི་ཚོགས་ལས་རིགས་ཁག་གཞན་གྱི་འབྲེལ་ཡོད་ཤེས་བྱའི་ཆ་ཤས་གང་ལ་གང་འཚམ་ཞིག་ལ་རྒྱུས་མངའ་ཡོད་དགོས་ལ། ལྷག་དོན་དུ། འཛིན་གྲྭའི་དོ་དམ་དང་ཞབས་ཞུའི་ཐད་དམིགས་བསལ་གྱི་འགན་འཁྲི་འཁུར་ཏེ་འབྲོག་ཁུལ་གྱི་བུ་ཕྲུག་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་འདོན་སྤེལ་བྱ་དགོས། འདིར་ཁོ་བོས་བགྲང་བྱ་བཅུ་ཙམ་བོད་ཀྱི་འབྲོག་ཁུལ་དུ་སློབ་གསོའི་བྱ་གཞག་གཉེར་བ་ལས་བྱུང་བའི་འབྲོག་ཁུལ་སློབ་གྲྭའི་འཛིན་གྲྭའི་ཀྲུའུ་རེན་ལ་ལྡན་དགོས་པའི་དམིགས་བསལ་ཁྱད་ཆོས་རེ་ཟུང་གླེང་བར་བྱའོ།
དང་པོ། འཛིན་གྲྭའི་ཀྲུའུ་རེན་ལ“སྨན་གཡོག”གི་ཁྱད་ཆོས་ལྡན་དགོས་པ།
བདེ་ཐང་ནི་ཐམས་ཅད་ལས་ལྷག “བདེ་ཐང་གི་འགན་འཁྲི་ནི་རི་བོ་ཐའེ་ཧྲན་ལས་ལྕི”ཟེར་བ་བཞིན་སློབ་ཕྲུག་གི་བདེ་ཐང་ནི་སློབ་གྲྭའི་དོ་དམ་དང་སློབ་ཁྲིད་སྤུས་ཚད། ཁྱིམ་ཚང་གི་བདེ་སྐྱིད་བཅས་དང་ཐད་ཀར་འབྲེལ་བ་ཤུགས་ཆེན་ཡོད་རྐྱེན། སློབ་ཕྲུག་བདེ་ཐང་གི་ལས་འགན་གཙོ་བོ་ནི་སློབ་གྲྭ་དང་འཛིན་གྲྭའི་ཀྲུའུ་རེན་ལ་རག་ལུས་ཡོད། སློབ་ཕྲུག་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་ཕྲུག་བཟང་པོ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་དེ་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀའི་གཙོ་བོའི་དམིགས་ཡུལ་ཡང་ཡིན། དེས་ན་དུས་རྒྱུན་འཚོ་བའི་ཁྲོད་སློབ་ཕྲུག་གཟུགས་གཞི་མི་བདེ་བ་དང་ཚ་བ་རྒྱས་པ། མགོ་ན་བ། འཆམ་པ་ཐེབས་པ། གྲོད་ཁོག་བཤལ་བ། སོ་ན་བ། ཆུ་འབུར་ཐོན་པ། རྡབ་ཆག་སོགས་བྱུང་ཚེ་འཛིན་གྲྭའི་ཀྲུའུ་རེན་ནས“སྨན་གཡོག”ལྟ་བུའི་འགན་འཁུར་ཏེ་ཐོན་པའི་ནད་རིགས་ལ་ཐག་གཅོད་སྟབས་བདེ་ཐུབ་པ་བྱ་དགོས་སྟེ། གཅིག་ནས་སློབ་ཕྲུག་གི་ནད་རྟགས་ལ་དབྱེ་ཞིབ་དང་རྒྱུན་མཁོའི་སྨན་པའི་ཡོ་བྱད་ལ་རྒྱུས་མངའ་ཡོད་པ་མ་ཟད་བེད་སྤྱོད་གང་ཙམ་ཤེས་པ་ཐུབ་དགོས། གཉིས་ནས་སྔོན་འགོག་དང་རྒྱུན་གཏན་རང་བཞིན་གྱི་ན་ཚར་ཕན་པའི་སྨན་ཁག་སྔ་ས་ནས་གྲ་སྒྲིག་བྱས་ཏེ་དེ་མ་ཉིད་དུ་སློབ་ཕྲུག་ལ་མཁོ་སྤྲོད་ཐུབ་པ་བྱ་དགོས། གསུམ་ནས་ལམ་སེང་རྫོང་ངམ་ཤང་གི་སྨན་ཁང་ལ་འབྲེལ་གཏུག་བྱས་ཏེ་སློབ་ཕྲུག་ནད་པ་བསུ་སྐྱེལ་དང་སྨན་བཅོས་ཀྱི་འགན་ལེན་ཐུབ་པ་བྱ་དགོས།
གཉིས་པ། འཛིན་གྲྭའི་ཀྲུའུ་རེན་ལ“ཁྱིམ་བདག”གི་ཁྱད་ཆོས་ལྡན་དགོས་པ།
འབྲོག་ཁུལ་དུ་སློབ་ཕྲུག་རེ་གཅིག་ཙམ་མ་ཟད་ཚང་མ་སློབ་གྲྭའི་ནང་ཞག་སྡོད་བྱ་དགོས་པ་དང་སློབ་དུས་འགོ་ཚུགས་པ་ནས་མཇུག་མ་འགྲིལ་བར་སློབ་གྲྭའི་ནང་འཚོ་སྡོད་བྱ་དགོས་ཀྱི་ཡོད་པས། རྒྱུན་དུ་ཁྱིམ་བདག་དང་འབྲེལ་འདྲིས་ཉུང་བས། ཁྱིམ་ཚང་གི་སློབ་གསོ་མྱོང་བ་དཀོན་ཙམ་མཆིས། དེར་བརྟེན་འཛིན་གྲྭའི་ཀྲུའུ་རེན་གྱིས“ཁྱིམ་བདག”གི་འགན་འཁྲི་ཕྲག་སྟེང་དུ་འཁུར་ཏེ་སློབ་ཕྲུག་ལ་ཞོགས་པ་ལངས་པ་ནས་དགོང་མོ་མ་ཉལ་བར་ཉིན་གཅིག་ནང་བཞིན་སློབ་ཕྲུག་གི་ཟས་གོས་སྤྱོད་གསུམ་དང་། སློབ་སྦྱོང་། བདེ་ཐང་། གཙང་སྦྲ་འཕྲོད་བསྟེན། བདེ་འཇགས་སོགས་ལ་ཁྱིམ་བདག་ངོ་མ་ལས་ལྷག་པའི་ལྟ་སྐྱོང་དང་ཐུགས་ཁུར་བྱེད་དགོས་ཏེ། འཛིན་གྲྭའི་ཀྲུའུ་རེན་ནི་སློབ་ཕྲུག་གི་ཕ་མ་དང་ཁྱད་མེད་ཅེས་བརྗོད་པ་དེ་གཡོ་ཟོལ་རྩ་བ་ནས་མེད་པའི་དྲང་བདེན་ཞིག་ཡིན་པ་ར་སྤྲོད་ཐུབ།
གསུམ་པ། འཛིན་གྲྭའི་ཀྲུའུ་རེན་ལ“བཟོ་པའི”ཁྱད་ཆོས་ལྡན་དགོས་པ།
འབྲོག་ཁུལ་གྱི་སློབ་གྲྭའི་སྒྲིག་གཞི་དང་ཆ་རྐྱེན། དོ་དམ། ཞབས་ཞུ་སོགས་གྲོང་ཁྱེར་དང་བསྡུར་ན་གནམ་སའི་ཧེ་བག་འཛོལ་ཡོད། དེར་བརྟེན་འཛིན་གྲྭ་དང་སློབ་ཕྲུག་ཉལ་ཁང་གི་སྒོ་དང་སྒེའུ་ཁུང་། ཤེལ་སྒོ སྒྲོག་ཙེ་རྐུབ་སྟེགས། ཉལ་ཁྲི། སྒམ། ཟ་ཁང་གི་སྒྲོག་ཙེ། རྐུབ་སྟེགས་སོགས་སྐྱོན་ཆག་བྱུང་ཚེ་འཛིན་གྲྭའི་ཀྲུའུ་རེན་གྱིས“བཟོ་པ”ཡི་འགན་འཁུར་ཏེ་ལམ་སེང་བཟོ་བཅོས་བརྒྱབ་སྟེ་སློབ་ཕྲུག་ཚོར་མཁོ་སྤྲོད་བྱེད་དགོས་པ་དང་རང་ནུས་ཡོད་རྒུས་སློབ་མར་སྟབས་བདེ་བསྐྲུན་དགོས།
བཞི་པ། འཛིན་གྲྭའི་ཀྲུའུ་རེན་ལ“བདེ་སྲུང་བའི”ཁྱད་ཆོས་ལྡན་དགོས་པ།
ནར་མ་སོན་པའི་གཞོན་ནུར་ཁྲིམས་ལུགས་ཀྱི་འདུ་ཤེས་དེ་ཙམ་མེད་རྐྱེན་སློབ་གྲྭའི་ནང་རྐུ་རྒྱག་གི་གནས་ཚུལ་ཆུང་ཙག་ཐོན་དང་ཐོན་མུས་ཡིན། དེར་བརྟེན་འཛིན་གྲྭའི་ཀྲུའུ་རེན་གྱིས“སྤྱི་བདེ་མི་སྣ”བཞིན་སློབ་ཕྲུག་ཁྲོད་མྱུལ་ཞིབ་དང་བརྟག་དཔྱད་ནན་པོ་དང་དཔང་རྟགས་ཁུངས་བཙན་འཚོལ་བསྡུ་བྱས་ཏེ་བྱ་ངན་སྤྱོད་ངན་ཅན་ལ་སློབ་གྲྭའི་སྒྲིག་སྲོལ་གཞིར་བཟུང་སྐྱོན་བརྗོད་ནན་པོ་དང་ནོར་འཁྲུལ་ཡོ་བསྲང་ཡོང་བ། སློབ་ཕྲུག་ཡོངས་ལ་སློབ་གསོ་ཐོབ་པ་བཅས་བྱས་ཏེ་འཆམ་མཐུན་དང་ཞི་བདེའི་སློབ་གྲྭ་ཞིག་འཛུགས་སྐྲུན་བྱེད་དགོས།
ལྔ་པ། འཛིན་གྲྭའི་ཀྲུའུ་རེན་ལ“འཁྲབ་ཁྲིད་པའི”ཁྱད་ཆོས་ཀྱང་ལྡན་དགོས་པ།
འཛིན་སྲོལ་བཟང་པོ་ནི་འཛིན་གྲྭ་ཞིག་གི་ངོས་ནས་བརྗོད་ན་མེད་དུ་མི་རུང་བའི་རྒྱན་ཆ་ཞིག་ཡིན་སྲིད། དེ་ཡང་དུས་རྒྱུན་འཚོ་བ་དང་སློབ་སྦྱོང་། དེ་བས་ཀྱང་བྱེད་སྒོ་ཁག་ནང་རིམ་བཞིན་ཆགས་པ་ཞིག་རེད། དཔེར་ན། གླུ་གཞས་འགྲན་བསྡུར་བྱེད་སྒོའི་ནང་རང་འཛིན་གྲྭར་ཕུལ་བྱུང་གི་གྲུབ་འབྲས་ཐོབ་བསམ་ན་ཐོག་མར་འཛིན་གྲྭའི་ཀྲུའུ་རེན་ལ་དེའི་ཐད་ཀྱི་ཤེས་བྱ་ངེས་ཅན་ཞིག་དགོས་ལ། དེ་བས་ཀྱངའཁྲབ་བྱེད་ཀྱི་ནང་དོན་ཐད་བྱེད་ལུགས་བྱེད་སྟངས་ལ་སོགས་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་གལ་འགངས་ཆེ། རང་ཉིད“འཁྲབ་ཁྲིད་པ”ཞིག་གི་ངོས་ནས་བྱེད་སྒོར་གཙིགས་ཆེན་དང་ཟུར་ཁྲིད། སློབ་ཕྲུག་སོ་སོའི་ལྷན་སྐྱེས་ཀྱི་ཁྱད་ཆོས་ཡོད་ཚད་བསྔོག་འདོན་གང་ཐུབ་བྱས་ཏེ་འཛིན་གྲྭ་ཐུན་མོང་དང་སློབ་ཕྲུག་ཚོར་མཉམ་སྡེབ་ལ་བསམ་བློ་གཏོང་བ་དང་ལེགས་སྐྱེས་འབུལ་འདོད་ཀྱི་འདུ་ཤེས་ཆགས་ཐབས་བྱ་དགོས།
མདོར་ན། འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀ་ནི་དགེ་རྒན་ཞིག་གི་མི་ཚེའི་ལམ་བུའི་ཁྲོད་ཆེས་དོན་སྙིང་ལྡན་པ་ཞིག་རེད། རང་ཉིད་ཀྱིས་ལེགས་སྐྱེས་ཡོད་དོ་ཅོག་མེས་རྒྱལ་གྱི་མ་འོངས་བདག་པོར་ཕུལ་ཏེ། ནམ་ཞིག་ཁོ་ཚོའི་ལུས་ཐོག་ནས་རང་ཉིད་ཀྱི་འཇོན་ཐང་ངོ་མ་དེ་མངོན་འགྱུར་དང་འཕེལ་རྒྱས་ཡོང་ཐུབ། ལྷག་པར་དུ། འབྲོག་ཁུལ་སློབ་གྲྭའི་དགེ་རྒན་དང་འཛིན་གྲྭའི་ཀྲུའུ་རེན་གྱི་བྱ་བ་ནི་ཁོར་ཡུག་དང། ཆ་རྐྱེན། འདུ་ཤེས་སོགས་ཀྱི་རྐྱེན་པས་དཀའ་ཚེགས་དང། བཀག་རྡོ། བསམ་ཤེས་མ་ཐོབ་པ་སོགས་ཀྱི་གནད་དོན་འཕྲད་ངེས་པས། དུས་རྒྱུན་གྱི་སློབ་གསོ་སློབ་ཁྲིད་ལས་དོན་བསམ་པ་བཞིན་བདེ་བླག་སྤེལ་རྒྱུར་གཞོགས་འདེགས་ལྟ་ཞོག་ཐ་ན་བཀག་འགོག་ཀྱང་འཕྲད་སྲིད། དེས་ན། དགེ་བའི་བཤེས་གཉེན་ཡོངས་ཀྱིས་ཡོད་ཚད་སློབ་གསོ་དང་སློབ་ཕྲུག་ཆེད་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཐོག་ནས་འབྲོག་ཁུལ་སློབ་མ་གསོ་སྐྱོང་གང་ལེགས་བྱེད་དགོས་སོ།
(ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་སློབ་འབྲིང་གི་ཉི་མ་ཚེ་རིང)