ནམ་ཞིག་མཁས་པར་གྱུར་བ་ནི་ལྟ་རྒྱ་དང་ཐོས་རྒྱ་ལས་བྱུང་ཞིང་། དགེ་རྒན་གྱིས་རྒྱུན་དུ་ནས་སློབ་མའི་སློབ་གསེང་དུས་ཚོད་སྤྱད་ནས་ཚགས་པར་དང་དུས་དེབ་སོགས་གང་མང་ལྟ་རུ་འཇུག་པ་དང་། ཟིན་བྲིས་འགོད་སྟངས་ལ་ཁྲིད་སྟོན་ལེགས་པར་བྱས་ཏེ་སློབ་མའི་ལྟ་རྒྱ་ཐོས་རྒྱ་ཇེ་མཐོར་གཏོང་དགོས། དེ་ལྟར་བྱས་ན་གཅིག་ནས་བསླབས་ཟིན་པའི་ཤེས་བྱ་དེ་བས་ཆ་ཚང་ཞིང་གསལ་པོར་རྟོགས་ཐུབ་པ་དང་། གཉིས་ནས་སློབ་ཁྲིད་སྐབས་ཀྱི་ཤེས་བྱར་བདེ་བླག་ངང་གོ་བ་ལེན་པར་གྲོགས་བྱེད་པ། གསུམ་ནས་སྦྱོང་གཞི་འབྲི་བར་འབྲེལ་ཡོད་ཀྱི་ཤེས་བྱ་གང་མང་གསོག་འཇོག་ཐུབ་པ་སོགས་ཀྱི་དགེ་མཚན་དུ་མ་ལྡན་པས་ན་བདག་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་དཔེ་ཀློག་ཟིན་བྲིས་འགོད་སྟངས་ལ་སློབ་སྟོན་ཇི་ལྟར་བྱེད་དགོས་ཚུལ་སྐོར་རང་གི་ལྟ་ཚུལ་རགས་ཙམ་གླེང་བར་བྱའོ།
གཅིག དཔེ་དེབ་ལྟ་ཀློག་སྐབས་ཤེས་བྱ་གསོག་འཇོག་ལ་ཁྲིད་སྟོན་བྱེད་དགོས་པ།
ཚགས་པར་དང་དུས་དེབ་སོགས་ལྟ་ཀློག་བྱེད་པར་དགེ་རྒན་གྱིས་ཁྲིད་སྟོན་དང་འདེམས་སྒྲུག་སྐུལ་འདེད་བྱ་དགོས་ཤིང་། ལག་ཏུ་སོན་པའི་དཔེ་དེབ་ཐམས་ཅད་ལ་བལྟས་ན་ལ་ལའི་བརྗོད་བྱ་སློབ་མའི་སེམས་ཁམས་དང་དེ་ཙམ་མི་འཚམས་པས་སློབ་མའི་འཚར་ལོངས་ལ་ཕན་པ་དེ་ཙམ་མེད་པ་དང་། ལ་ལར་ཚིག་རྒྱན་དང་མངོན་བརྗོད་བརྡ་རྙིང་སོགས་ཀྱིས་བཅིངས་ཏེ་ནང་དོན་མཁྲེགས་ཤིང་རྟོགས་དཀའ་བས་སློབ་མའི་ལྟ་ཀློག་གི་སྤྲོ་སྣང་ཉམས་པའི་རྒྱུར་གྱུར་ངེས། དེས་ན་དགེ་རྒན་གྱིས་དཔེ་དེབ་ངོ་སྤྲོད་དང་ལྟ་ཀློག་ལ་ཁྲིད་སྟོན་བྱེད་སྐབས་སློབ་མའི་ཡོན་ཚད་དང་། ལོ་ནར་འཚམས་པའི་གོ་སླ་ཞིང་ནང་དོན་གསོན་ཉམས་ལྡན་པའི་དཔེ་དེབ་བལྟ་རུ་འཇུག་དགོས་ལ། སློབ་མའི་བདེ་ཐང་དང་བསམ་སྤྱོད་འཚར་ལོངས་ལ་ཕན་པའི་བརྩམས་ཆོས་ཕུལ་བྱུང་གང་རུང་ལྟ་ཀློག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་གང་ཞིག ད་དུང་སློབ་མའི་རྩོམ་འབྲིའི་ནུས་པ་མཐོར་འདེགས་ལ་ཕན་པའི་རྩོམ་རིག་དཔེ་དེབ་ཁག་ལ་ལྟ་ཀློག་གི་ཁྲིད་སྟོན་ཡང་བྱེད་དགོས།
གཉིས། ལྟ་ཀློག་གནད་ལ་འཁེལ་ཞིང་ཆ་ཚང་བ་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ།
ལྟ་ཀློག་བྱེད་སྐབས་རྩོམ་ཡིག་གང་དེའི་ནང་དོན་ལ་གོ་བ་ལེན་རྒྱུ་ཁོ་ན་དམིགས་སུ་བཟུང་ན། ཕྱོགས་རེ་ཙམ་གྱི་དམིགས་ཡུལ་ལས་དཔེ་དེབ་ལྟ་ཀློག་གི་དགོས་པའམ་དམིགས་ཡུལ་ཆ་ཚང་བ་ཞིག་མ་ཡིན་པས། དགེ་རྒན་གྱིས་སློབ་ཁྲིད་ཁྲོད་དུ་རྩོམ་ལུས་མི་འདྲ་བར་བལྟས་ནས་དེའི་རྩོམ་འབྲིའི་ཁྱད་ཆོས་དང་། རྩོམ་གྱི་སྐད་ཆ་སྤྱོད་སྟངས། མི་སྣ་དང་ཡུལ་ལྗོངས། བརྗོད་དོན་བཀོད་འབྲི་བྱེད་སྟངས་སོགས་ལ་ཡང་སློབ་མའི་ཆུ་ཚད་དང་མཐུན་པའི་སློབ་ཁྲིད་ཁྲིད་སྟོན་བྱེད་དགོས་པ་སྟེ། དཔེར་ན། གསལ་བཤད་རྩོམ་ཡིག་ཅིག་ལ་ཆ་མཚོན་ན། ཐོག་མར་གསལ་བཤད་རྩོམ་ཡིག་གི་གོ་དོན་དང་ཁྱད་ཆོས་སོགས་ཤེས་པའི་རྨང་གཞིའི་ཐོག་འདིར་གསལ་བཤད་བྱ་རྒྱུའི་བྱ་དངོས་དེའི་རང་བཞིན་དང་ཁྱད་ཆོས་རྟོགས་དགོས་པ་དང་། གཉིས་ནས་གསལ་བཤད་བྱ་ཐབས་ལ་དབྱེ་ཞིབ་བྱ་དགོས་པ། གསུམ་ནས་གསལ་བཤད་བྱེད་པའི་གོ་རིམ་གསལ་པོར་ཤེས་དགོས་པ། བཞི་ནས་མིང་བརྡ་དང་མིང་ཚིག་བཀོལ་སྤྱོད་འོས་འཚམས་ཡིན་མིན་ཤེས་དགོས་པ་སོགས་ཚུད་དགོས།
གསུམ། ལྟ་ཀློག་གི་ཟིན་བྲིས་འགོད་སྟངས་ལེགས་པོ་ཤེས་པའི་ཁྲིད་སྟོན་བྱེད་དགོས་པ།
སློབ་གསེང་དང་སློབ་ཁྲིད་སྐབས་ཀྱི་ཤེས་བྱ་ཡོད་ཚད་མ་བརྗེད་པར་ཡིད་ལ་འཛིན་རྒྱུ་ནི་ཤིན་ཏུ་དཀའ་བར་བརྟེན། ལྟ་ཀློག་ལས་བྱུང་བའི་རྩོམ་འབྲིའི་ཉམས་མྱོང་དང་ཚིག་སྦྱོར་ལེགས་པོ་སོགས་ཀྱང་དྲན་པས་ཡང་ཡང་བསྐྱངས་ཏེ་བཀོལ་སྤྱོད་མ་བྱས་ན། ཇི་སྐད་དུ“ཆུ་ཐིགས་བསགས་པས་འགེངས་དཀའ་ཡང་། བོར་ན་ཅིག་ཅར་ཉིད་དུ་འཛད་ཅེས་པ་བཞིན་དུ་གྱུར་བས་དགེ་རྒན་གྱིས་སློབ་མར་དཔེ་ཀློག་ལས་བྱུང་བའི་ཤེས་བྱ་ཟིན་ཐོར་འགོད་སྟངས་བསླབ་དགོས། དེའང་རྩོམ་ཡིག་ནང་གི་མིང་བརྡ་གསར་པ་དང་། ཚིག་སྦྱོར་སྙན་པོ། གཏན་ཚིག་གི་རང་བཞིན་ལྡན་པའི་མཁས་པའི་ཞལ་གདམས། དེ་བཞིན་རྩོམ་པ་པོའི་ལོ་རྒྱུས་སོགས་ཟིན་བྲིས་སུ་འགོད་དུ་འཇུག་དགོས།
བཞི། དུས་ཚོད་བཀོད་སྒྲིག་ལེགས་པོ་ཤེས་རྒྱུར་ཁྲིད་སྟོན་བྱེད་དགོས།
སློབ་མ་ཚོས་སློབ་གསེང་དང་སློབ་གྲྭ་གྲོལ་རྗེས་ཀྱི་དུས་ཚོད་སྤྱད་ནས་དཔེ་ཀློག་གི་གོམས་གཤིས་རྒྱུན་བསྲིང་བྱེད་པ་ནི་སྣང་ཚུལ་ལེགས་པོ་ཞིག་ཡིན་མོད། འོན་ཀྱང་ལྟ་ཀློག་གི་དུས་ཚོད་བཀོད་སྒྲིག་དང་འཆར་གཞི་ངེས་ཅན་ཡོང་བར་ཁྲིད་སྟོན་བྱ་དགོས་ཏེ། གལ་སྲིད་སློབ་མ་ཚོས་སློབ་ཁྲིད་ཀྱི་སྦྱོང་ཚན་ལེགས་སྒྲུབ་མ་ཟིན་པའམ་ཡང་ན། ཉིན་དེའི་སློབ་ཁྲིད་ཀྱི་ནང་དོན་ལ་གོ་བ་གཏིང་ཟབ་མ་ལོན་པ་དང་། སང་ཉིན་འཁྲིད་བྱའི་སློབ་ཚན་ལ་སྔོན་སྦྱོང་ལེགས་པོ་མ་བྱུང་བ་སོགས་ཉིན་དེའི་ལས་འགན་ལེགས་སྒྲུབ་མ་བྱུང་བར་སློབ་ཕྱིའི་དཔེ་དེབ་དང་རྩོམ་ཡིག་སོགས་བལྟ་རྐྱང་བྱས་ན་དེ་ནི་སྐས་ཀ་མ་འཛེགས་པར་ཐོག་ཁར་འགྲོ་འདོད་ཀྱི་དཔེ་རུ་ངེས་ཡིན་པས། སློབ་གྲྭ་གྲོལ་རྗེས་དང་སློབ་གསེང་གི་དུས་ཚོད་དུ་སློབ་སྦྱོང་ལ་གཙོ་ཕལ་དང་སྔ་ཕྱིའི་གོ་རིམ་བཀོད་སྒྲིག་ལེགས་པོ་བྱེད་པར་དགེ་རྒན་གྱིས་སྐུལ་ཁྲིད་ཡང་དག་བྱས་ནས། སློབ་མའི་རྒྱུན་གཏན་གྱི་སློབ་སྦྱོང་ལ་ཤུགས་རྐྱེན་མི་ཕོག་པའི་རྨང་གཞི་དེ་བརྟན་པོ་སྲུང་བའི་ཐོག་སློབ་ཕྱིའི་དཔེ་དེབ་ལྟ་ཀློག་བྱ་རྒྱུར་སྐུལ་ལྕག་གཏོང་དགོས་།
མདོར་ན། དཔེ་དེབ་ནི་མིའི་རིགས་ཀྱི་ཤེས་རིག་གི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་པས། བློ་གསར་གཞོན་སྐྱེས་སློབ་བུའི་ཚོགས་རྣམས་ཚུད་པའི་སྐྱེ་བོ་སུས་ཀྱང་དཔེ་དེབ་ལྟ་ཀློག་ལ་བརྟེན་ནས་རང་འདོད་ཤེས་བྱ་གསོག་པའམ་དཔེ་དེབ་ཀློག་པ་ལས་སྦྱིན་པའི་དགའ་སྣང་དེ་མྱོང་རོལ་བྱེད་བཞིན་ཡོད། དེས་ན། དཔེ་དེབ་ཀློག་པ་ནི་རང་ཉིད་ཀྱི་བསམ་པའི་གོ་རྟོགས་མཐོ་རུ་གཏོང་བ་དང་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་གཏོང་བའི་ཐབས་དམ་པ་དེ་ལགས་པས། ང་ཚོས་དཔེ་དེབ་བཀླགས་པ་ལས་ཐོབ་པའི་ཤེས་བྱ་གསར་པ་དག་དཔེ་ཀློག་ཟིན་བྲིས་ནང་བཀོད་ནས་ཤེས་བྱ་དེ་དག་རང་ཉིད་ཀྱི་ཀླད་པའི་ནང་གི་ཤེས་བྱར་འགྱུར་བ་བྱ་རྒྱུ་ནི་དཔེ་ཆ་ཀློག་པའི་དགོས་པ་རླབས་པོ་ཆེ་དེ་ཡིན་པར་ཐེ་ཚོམ་ཅི། ལྷག་པར་དུ། བློ་གསར་སློབ་བུའི་ཚོགས་ཀྱིས་དཔེ་དེབ་བཀླགས་པ་ལས་ཐོབ་པའི་ཤེས་བྱ་དང་མྱོང་འཆར་གང་ཡོད་དཔེ་ཀློག་ཟིན་བྲིས་སུ་བཀོད་ཐུབ་ན། རང་ཉིད་ཀྱི་མི་ཚེའི་བགྲོད་ལམ་དུ་རྡོ་གཅལ་བཏིང་བ་ལྟར་གྱི་ཕན་ནུས་ཐོན་ངེས་པས། དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། མྱུར་དུ་མཁས་པའི་གོ་འཕང་ཐོབ་ཅེས་པ་ལྟར་རོ།
(ལྷ་ས་སློབ་འབྲིང་བརྒྱད་པའི་བསོད་ནམས་རྒྱ་མཚོ)